ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་དཔལ་ལྡན་བཀའ་ཤག་ནས་གཞིས་བྱེས་བོད་མི་ཡོངས་ནས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོར་ངོས་འཛིན་གཏན་འབེབས་གནང་བ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལོ་དུས་སྲུང་བརྩི་གནང་བཞིན་ཡོད་པ་ལྟར། ལོ་འདིར་རྒྱ་གར་གཞུང་དམངས་གཉིས་ལ་དམིགས་པའི་ལས་རིམ་སྣ་མང་ཞིག་སྤེལ་མུས་ཡིན་པའི་ཆ་ཤས་སུ། ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༩ ཉིན་རྒྱ་གར་ཆེད་དུ་སྨོན་ལམ་ (Pray for India) ཞེས་ཉིན་བརྒྱ་དུས་གཅིག་གི་སྨོན་ལམ་མཆོད་འབུལ་ཞིག་སྤེལ་དགོས་རྒྱུར་བརྟེན། སིམ་ས་གནས་སུ་བྱང་གཏེར་བསྟན་པའི་མ་དགོན་རྡོ་རྗེ་བྲག་དགོན་པར་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་མོར་སྔ་དྲོ་ཕྱག་ཚོད་ ༡༠ ནས་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པར།
མཛད་སྒོ་དེ་ཐོག་མགྲོན་གྱི་གཙོ་བོ་རྒྱ་གར་གྲོང་ཁྱེར་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་རཱ་ཀེཤ་ཀུ་མཱར་ཤར་མཱ་ (Dy. Mayor, Rakesh Kumar Sharma) མཆོག་གིས་དབུས་གཞན་སྐུ་མགྲོན་དུ་འཐུས་མི་ (Councillor) ཁག་སུ་ཀིམྨི་སཱུད་མཆོག་ (Kimi Sood) དང་། པཱུ་རན་མཆོག (Puran) ཝི་དྷུ་ཤི་ཤར་མཱ་མཆོག (Vidhushi Sharma) དེ་བཞིན་རྒྱ་གར་གྲོང་ཁྱེར་ལས་ཁུངས་ཀྱི་འཐུས་མི་ཟུར་པ་པར་དིམ་སིངྒ་མཆོག་ (Pradeep Singh) བཅས་ཆེད་ཕེབས་གནང་ཡོད།
དེ་བཞིན་སྐུ་མགྲོན་ཁག་ནས་མར་མེ་ཞལ་ཁ་དབུ་འབྱེད་གནང་ཐོག་སྨོན་ལམ་གསུང་འདོན་དབུ་འཛུགས་གནང་ཡོད་པ་དང་། སིམ་ལ་སྤྱི་ཁྱབ་པ་བསྟན་འཛིན་ནོར་བུས་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་། རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཁག་ངོ་སྤྲོད་ཐོག་རྒྱ་གར་ཆེད་སྨོན་ལམ་མཆོད་འབུལ་བྱེད་དགོས་དོན་གསལ་བཤད་བཅས་གནང་ཡོད་པ་མ་ཟད། སྐུ་མགྲོན་གཙོ་བོ་རཱ་ཀེཤ་ཀུ་མཱར་མཆོག་ནས་ཀྱང་བཀའ་སློབ་གསུང་བཤད་གནང་ཡོད། དེ་རྗེས་རྡོ་རྗེ་བྲག་དགོན་པའི་ཚོགས་གཞོན་རྒན་རྣམ་གྲོལ་ཡར་འཕེལ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བའི་ཐོག་མཛད་སྒོ་གྲོལ་ཡོད་ནའང། གྲྭ་རྒྱུན་དང་མི་མང་རྣམས་ནས་སྨོན་ལམ་གསུང་འདོན་མུ་མཐུད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །