༢༠༡༨ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ལོ་ལྟར་བོད་ཟླ་ ༤ ཚེས་ ༡ ཉིན་བོད་མི་ཚོས་ས་ག་ཟླ་བ་ཞེས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་ཁྱད་པར་ཅན་དང་འབྲེལ་ནས་དཀོན་མཆོག་ལ་མཆོད་ཅིང་ངན་སློང་ལ་སྦྱིན་པ་གཏོང་རྒྱུས་མཚོན་ཕྱག་འཚལ་སྐོར་སྦྱོང་སོགས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་གཞོལ་བཞིན་ཡོད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་འདི་ལོར་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ལྷན་ཁང་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་། དེ་བཞིན་གྲོང་ཁྱེར་སློབ་གསོ་ལས་ཁུངས་བཅས་ཀྱི་བཀོད་ཁྱབ་གཞིར་བཟུང་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ཁྱབ་ཁོངས་སུ་ཡོད་པའི་ཆབ་མདོ་གྲོང་ཁྱེར་གྱི་བྱིས་གསོ་ཁང་(སྔོན་འགྲོའི་སློབ་གྲྭ)གཉིས་པའི་ཕྲུ་གུའི་ཁྱིམ་བདག་ཡོངས་ལ་བརྡ་ཁྱབ་སྤེལ་ཏེ། ས་ག་ཟླ་བའི་སྐབས་སུ་ས་གནས་ཀྱི་ཕ་མ་ཚོས་རང་གི་བུ་ཕྲུག་དགོན་པར་མཆོད་མཇལ་ལ་ཁྲིད་མི་ཆོག་པ་དང་། ཆོས་ཕྱོགས་བྱེད་སྒོར་མཉམ་ཞུགས་མི་ཆོག་པ་མ་ཟད། ཕ་མ་རང་ཉིད་ཀྱང་ཆོས་ཕྱོགས་ཀྱི་བྱེད་སྒོར་སྐྱོད་མི་ཆོག་ཅེས་བཤད་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་བོད་མིའི་ཁྲོད་བཙན་བཀའ་བཏང་བ་དེ་ནི་དེ་སྔོན་ཁ་ཆེ་ཡུ་གུར་བ་ཚོར་རཱམ་ཛན་ Ramzan ཞེས་ཆོས་ཕྱོགས་ཀྱི་དུས་ཆེན་རྩ་ཆེའི་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་དམ་བསྒྲགས་བྱས་པ་དང་གཉིས་སུ་མེད།