ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པའི་ཉིན་གྱི་སྔོ་དྲོར་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་གཞུང་གི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཝི་པིན་སིངྒ་པར་མར་ Vipin Singh Parmar མཆོག་མཇལ་འཕྲད་གནང་སྟེ། ཉེ་ཆར་ཁོང་འཕྲོད་བསྟེན་བློན་ཆེན་དུ་བསྐོ་གཞག་གནང་བར་འཚམས་འདྲི་ཞུས་པ་དང་། ཧི་མཱ་ཅལ་གཞུང་ནས་བོད་མིའི་སློབ་ཕྲུག་ཆེད་སྨན་པའི་ཟུར་བཅད་ས་མིག་ ༤ དང་། སློབ་ཡོན་འབུལ་དགོས་པའི་ས་མིག་ ༣ གནང་མུས་དེ་དག་མུ་མཐུད་གནང་སྐྱོང་ཡོང་བ་དང་། དེ་བཞིན་ས་མིག་ ༡ འཕར་མ་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཀྱང་ཞུས་པར་མངའ་སྡེའི་བློན་ཆེན་མཆོག་གིས་སྐབས་དེར། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་བཀའ་ཤག་ནང་ངེས་པར་གོ་བསྡུར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག སྐབས་དེར་ཤེས་རིག་སློབ་ཡོན་འགན་འཛིན་དྲུང་འཕར་ངག་དབང་ཡོན་ཏན་དང་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་གཉིས་ཀྱང་ལྷན་བཅར་ཞུས་པ་བཅས།