༢༠༡༨ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་མན་ཌི་རྫོངས་སུ་ Vipasha Sadha Mandi ཞེས་པའི་ཚོགས་ཁང་དུ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ Bharat Tibbat Sahyog Manch ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཉིན་གཉིས་ཚོགས་པ་དང་། ཕྱི་ཚེས་ ༦ ཉིན་མཇུག་སྡོམ་མཛད་སྒོ་འཚོགས་སྐབས་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཛྱཱ་རཱམ་ཐཱ་ཀུར་ Jai Ram Thakur མཆོག་དང་། རྒྱ་གར་རྒྱལ་ཡོངས་དྭང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨིནྡྲེཤ་ཀུ་མཱར་ Indresh Kumar མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཀུལ་དཱིབ་ཅནྡ་ཨགྣི་ཧོཏྲི་ Kuldeep Chand Agnihotri མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁིར་མེ་ R.K Khrimey མཆོག ཕྱི་དྲིལ་ལས་ཁུངས་ཀྱི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ཀརྨ་དར་རྒྱས་ལགས།
དེ་བཞིན་རྒྱ་གར་མངའ་སྡེ་བཅོ་བརྒྱད་ནས་སྐུ་ཚབ་འཐུས་མི་ ༣༠༠ ཙམ་དང་། སྦིར་དང་ཅོན་ཏ་ར། སུན་མཚོ་མན་གསུམ། ཀུ་ལུ་མ་ན་ལི་སོགས་ནས་བོད་མི་ཁྱོན་བཞི་བརྒྱ་ཙམ་དང་། དེ་བཞིན་ས་གནས་རྒྱ་གར་མང་ཚོགས་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༠༠༠ ཙམ་ཚོགས་འདུ་སྔ་རྗེས་སུ་ཕེབས་འདུག
ཐེངས་འདིའི་ལྷན་ཚོགས་ཀྱི་བརྗོད་གཞི་ནི། བོད་ལ་རང་དབང་བྱུང་ན་རྒྱ་གར་ནང་བདེ་འཇགས་ཐོབ། ཅེས་པ་ཡིན་ཞིང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་ཧ་ཅང་གལ་ཆེ་ཆགས་པར་བརྟེན་རྒྱ་གར་ནང་བདེ་འཇགས་དགོས་ན་བོད་ལ་ངེས་པར་དུ་རང་དབང་སླར་གསོ་དགོས་ཤིང་། བོད་ལ་ནམ་ཞིག་རང་དབང་ཐོབ་ཚེ་རྒྱ་གར་བ་ཚོར་གངས་ཏི་སི་དང་མཚོ་མ་ཕམ་གཉིས་ལའང་གནས་མཇལ་འགྲོ་རྒྱུའི་རང་དབང་ཐོབ་རྒྱུ་ཡིན་སྐོར་གཏམ་བཤད་སྤེལ་འདུག
དེ་ཡང་འཕགས་བོད་མཛའ་འབྲེལ་ཚོགས་པ་ནི་ཕྱི་ལོ་ ༡༩༩༩ ལོར་ཐོག་མར་གསར་འཛུགས་གནང་ནས་ད་བར་ལོ་ ༢༠ འཁོར་ལ་ཉེ་བའི་སྐབས་དང་བསྟུན་ཐེངས་འདིར་ཉིན་གཉིས་རིང་ཚོགས་ཆེན་ཚོགས་འདུག
ཕྱོགས་མཚུངས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་བདེ་དོན་ནང་མའི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁིར་མེ་ R.K Khrimey མཆོག་གིས་འདི་གའི་གསར་འགོད་པར་གསུང་དོན། དེང་སྐབས་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་ནས་རྒྱ་ནག་གི་སྲིད་འཛིན་དང་ལྷན་འདྲ་མཉམ་གྱི་སྤོབས་པའི་ཐོག་ནས་མཇལ་འཕྲད་དང་འཚམས་འདྲི་གནང་བཞིན་པ་མ་ཟད། ཕན་ཚུན་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་གནང་བཞིན་པ་མཐོང་སྐབས་བོད་ལའང་བཟང་ཕྱོགས་ཀྱི་རེ་བ་ཞིག་མཐོང་བཞིན་འདུག གལ་ཏེ་རྒྱ་དཀར་ནག་གཉིས་ཀྱི་མཐུན་འབྲེལ་སྔར་བས་ཇེ་བཟང་དང་ཇེ་བརྟན་དུ་སོང་ན་རྒྱ་གར་ངོས་ནས་རྒྱ་ནག་འགོ་ཁྲིད་དང་ལྷན་བོད་ཀྱི་གནད་དོན་རིམ་བཞིན་གླེང་སློང་གནང་ཐུབ་རྒྱུའི་གོ་སྐབས་ཐོབ་པར་བརྟེན་གོ་སྐབས་དེ་བརྒྱུད་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་༸ཞབས་སོར་འཁོད་ཐུབ་རྒྱུ་ཙམ་མ་ཟད། བོད་མི་ཚོར་ཡང་རང་དབང་སླར་གསོ་ཡོང་ཐུབ་རྒྱུའི་གོ་སྐབས་ཡོད་སྐོར་གསུངས།
མཇུག་སྡོམ་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་ཧི་མཱ་ཅལ་མངའ་སྡེའི་གཞུང་གིས་ད་བར་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་བརྟེན་བོད་མི་བཙན་བྱོལ་བ་རྣམས་ཀྱང་ཧི་མཱ་ཅལ་མངའ་སྡེའི་ནང་ཞི་བདེ་བརྟན་ལྷིང་ཐོག་ཡར་རྒྱས་ཀྱི་གོམ་པ་མདུན་སྤོས་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་པཏ་ལི་ཀུལ་ Patlikuhal གྱིས་གཙོས་ཧི་མཱ་ཅལ་གྱི་ས་གནས་ཁག་གཅིག་ནང་གློག་གི་དཀའ་ངལ་འཕྲད་བཞིན་པ་དེ་དག་རིམ་བཞིན་སེལ་ཆེད་མངའ་གཞུང་ནས་མགྱོགས་མྱུར་རོགས་རམ་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་སྐོར་སོགས་གསུངས།
སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསུང་བཤད་གནང་སྐབས་དེ་སྔ་བོད་དང་ཧི་མཱ་ཅལ་གཉིས་དབར་ས་མཚམས་ཡོད་པ་ལས་རྒྱ་ནག་དང་ལྷན་ས་མཚམས་མེད། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཧམ་བཟུང་བྱས་རྐྱེན་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་༸ཞབས་སོར་འཁོད་མཚམས་རིམ་བཞིན་དྷ་སར་བཞུགས་ཞག་མཛད་པ་དེ་ནི་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་བསོད་ནམས་ཀྱི་བགོ་སྐལ་ཧ་ཅང་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་སྐོར་དང་།
༸གོང་ས་མཆོག་དྷ་སར་བཞུགས་ཞག་མཛད་པར་བརྟེན་དྷརྨ་ཤཱ་ལ་ས་གནས་དེ་འཛམ་གླིང་ནང་ཧ་ཅང་གྲགས་ཆེན་པོ་ཆགས་ཐུབ་ཡོད་སྐོར། དེ་བཞིན་བློན་ཆེན་མཆོག་ཉེ་ལམ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་ནས་ཉིན་ཤས་རྗེས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་ཁར་བཅར་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་བློན་ཆེན་མཆོག་ལ་ “ངོས་ཀྱི་སྤྱི་ཁྱབ་བློན་ཆེན་མཆོག་” ཅེས་འབོད་གནང་མཛད་ནས་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་མཛད་སྐོར་ལུང་འདྲེན་ཞུས་པ་མ་ཟད། མཇལ་ཁ་དེས་བློན་ཆེན་མཆོག་ལ་སྙིང་སྟོབས་ཧ་ཅང་སྦྱིན་ཡོད་པ་གསུངས།
དེ་བཞིན་འཕགས་བོད་གཉིས་དབར་ས་མཚམས་ཀྱི་འབྲེལ་བའི་སྐོར་གསུང་དོན། ཧི་མཱ་ཅལ་དང་བོད་དབར་ས་མཚམས་ཡོད་པ་ལས་རྒྱ་ནག་དང་ས་མཚམས་མེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟུང་བྱས་རྐྱེན་ད་ཆ་ཧི་མཱ་ཅལ་ས་མཚམས་དབར་རྒྱ་མིའི་དམག་མི་བསླེབས་ནས་ལམ་བཟོ་དང་། གནམ་ཐང་དང་ཐད་འཕུར་གནམ་ཐང་། དེ་བཞིན་མེ་འཁོར་ལྕགས་ལམ་ཚུན་བཟོ་ཐབས་བྱེད་བཞིན་ཡོད་སྟབས་རྒྱ་གར་གཞུང་ནས་ཀྱང་བདེ་འཇགས་ལ་བསམ་བློ་བཏང་ནས་རྒྱ་གར་རྒྱ་ཐང་ནས་ཧི་མཱ་ཅལ་མངའ་སྡེའི་དབར་མེ་འཁོར་ལྕགས་ལམ་ཐོག་ནས་འབྲེལ་བ་མཐུད་དགོས་པ་སྔར་བས་ཛ་དྲག་ཆེ་བ་ཆགས་ཡོད་སྐོར་གསུངས། མཐར་བློན་ཆེན་མཆོག་གིས་འཕགས་བོད་མཛའ་འབྲེལ་ཚོགས་པས་ད་བར་བོད་དོན་དྲིལ་བསྒྲགས་གནང་རྒྱུའི་ཐད་ལས་དོན་ཧ་ཅང་ཚུགས་ཚུད་གནང་བར་བསྔགས་བརྗོད་ཀྱང་གནང་འདུག །