༢༠༡༨ ཟླ་ ༥ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །བཞུགས་སྒར་དྷརྨ་ཤཱ་ལར་འཚམས་གཟིགས་སུ་ཕེབས་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་གསུམ་གྱིས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༩: ༥༠ ཙམ་ལ་ཕྱི་དྲིལ་ལས་ཁུ
དེ་ཡང་སྐུ་ཞབས་ཐོ་མ་སི
ང་ཚོ་ཡུ་རོབ་སྤྱི་མཐུན་ཚོགས་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་ཞུ་བཞིན་ཡོད། བོད་དང་ང་ཚོ་སེམས་ཐག་ཧ་ཅང་ཉེས་པོ་ཡོད་པ་སྨོད་མེད་རེད། ཁ་སང་ཕྱི་ཟླ་ ༥ ཚེས་ ༩ ཡིན་སྟབས་ཡུ་རོབ་ཀྱི་ཉིན་མོ་འཁེལ་ཡོད། དམིགས་བསལ་ཉིན་མོ་དེར་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་བཅར་ཞུས་པ་ཡིན། སྐབས་དེར་༸གོང་ས་མཆོག་གིས་སྤྱིར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་མི་མཐུན་པ་མང་པོ་ཡོང་བ་ཆོས་ཉིད་ཡིན་སྐོར་བཀའ་སློབ་ཕེབས་བྱུང་། བདེན་པ་རེད། ང་ཚོ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་སྐྱབས་བཅོལ་བ་ལེན་ཕྱོགས་སོགས་གནད་དོན་མང་པོ་ཞིག་ཐོག་བསམ་ཚུལ་མི་མཐུན་པ་ཡོང་བཞིན་ཡོད།
འོན་ཀྱང་གལ་ཆེ་ཤོས་ནི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་འདི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད། ང་ཚོས་ཡུ་རོབ་གྲོས་ཚོགས་ཙམ་མ་ཟད། འབྱོར་མེད་གྲལ་རིམ་གྱི་རྒྱལ་ཁབ་ནང་ལས་ཀའི་གོ་སྐབས་དང་། འགྲོ་བ་མིའི་ཐོབ་ཐང་མེད་པར་གཞན་གྱིས་སྡུག་སྦྱོང་མནར་གཅོད་འོག་དཀའ་སྡུག་མྱོང་བཞིན་པ་སོགས་ལ་རོགས་རམ་བྱ་རྒྱུ་འདི་ང་ཚོས་གནད་དོན་ཧ་ཅང་གལ་ཆེར་འཛིན་བཞིན་ཡོད།
ང་ཚོས་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་དེར་ངོ་རྒོལ་བྱེད་བཞིན་ཡོད། བོད་མི་ཚོར་སྐད་ཡིག་སྲུང་སྐྱོབ་དང་ཐུན་མིན་རིག་གནས་ལ་སློབ་སྦྱོང་བྱ་རྒྱུ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱའི་ཐོབ་ཐང་ཆ་ཚང་ཡོད་དགོས།
བོད་མིའི་འོས་བསྡུའི་ལས་རིམ་སྐབས་ང་རང་དྷ་སར་བཅར་རྒྱུ་བྱུང་། མང་ཚོགས་རྣམས་ཀྱིས་ཆ་ཤས་ཡག་པོ་བླངས་པ་མཐོང་བྱུང་། ངས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བོད་མིའི་སྲིད་སྐྱོང་དུ་ཐེངས་གཉིས་པར་འོས་འདེམས་བྱུང་བར་འཚམས་འདྲི་ཞུ་རྒྱུ་བྱུང་། ཞེས་སོགས་གསུངས།
དེ་རྗེས་སྐུ་ཞབས་ས་བྷ་སོ་གོར་ CsabaSogor མཆོག་གིས་གསུང་དོན། ང་རང་དེ་སྔའི་དམར་ཤོག་རྒྱལ་ཁབ་ནས་ཡོང་བ་ཞིག་ཡིན་སྟབས་བོད་མིའི་དཀའ་ངལ་དང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་བཞིན་པའི་སྲིད་བྱུས་དེ་དག་ཧ་ཅང་རྒྱུད་མངའ་ཡོད། ངའི་ཕ་ཡུལ་རོ་མེ་ནི་ཡར་མཚོན་ན་ད་ལྟ་དམར་ཤོག་མིན། འོན་ཀྱང་སྲིད་བྱུས་ལ་དེ་ཙམ་འགྱུར་བ་ཕྱིན་མེད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དེ་སྔའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་ཡང་ཚས་འཛིན་སྐྱོང་བྱེད་བཞིན་ཡོད། འོན་ཀྱང་བོད་མི་ཚོ་ལྟར་དེ་འདྲའི་དྲག་གནོན་འོག་གནས་དགོས་པའི་གནས་སྟངས་ཤིག་མེད། ཡུ་རོབ་སྤྱི་མཐུན་ཚོགས་པར་མཚོན་ནའང་ནོར་འཁྲུལ་མེད་པའི་སྒྲིག་འཛུགས་ཤིག་མ་རེད། ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་ཡོད་པའི་རྒྱལ་ཁབ་ཁག་གཅིག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་གྲངས་ཉུང་མི་རིགས་ལ་དཀའ་ངའ་འཕྲད་བཞིན་ཡོད། དེར་བརྟེན་ང་ཚོས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེའི་ནང་ཡོད་པའི་མི་འབོར་ས་ཡ་ལྔ་བཅུའི་ཐོབ་ཐང་ཆེད་རྩོད་བཞིན་ཡོད།
ང་ཚོའི་ཐབས་ལམ་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བྱམས་བརྩེ་གཞི་ལ་བཞག་པའི་འཚེ་མེད་ཞི་བའི་ཐབས་ལམ་དེ་རྒྱུན་སྐྱོང་བྱེད་བཞིན་པ་དང་། ཐབས་ལམ་དེར་ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་འཐོར་ཞིག་འགྲོ་བའི་ཉིན་མོ་དེར་ང་ཚོར་གྲ་སྒྲིག་དགོས། དེར་བརྟེན་བོད་མི་ཚོས་འཕྲལ་སེལ་ཙམ་མིན་པར་ཕུགས་རྒྱང་རིང་པོའི་ཆེད་ད་ལྟ་ནས་གྲ་སྒྲིག་བྱེད་དགོས། ཞེས་སོགས་གསུངས།
དེ་ནས་སྐུ་ཞབས་ར་མོན་ཏྲི་མོ་ས་ Ramon Tremosa མཆོག་གིས་གསུང་དོན། སྤྱིར་ང་ཚོས་བོད་ཀྱི་ལོ་རྒྱུས་ཤེས་ཀྱང་ཁ་སང་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མི་ཚོས་དཀའ་སྡུག་ཇི་ཙམ་མྱངས་པའི་གནས་སྟངས་ཆ་ཚང་བ་ཞིག་མཐོང་བྱུང་། རྒྱ་ནག་གཞུང་གིས་དམར་གསོད་བཏང་བ་དང་། བོད་མི་སྟོང་ཕྲག་མང་པོ་རྐང་ཐོག་ཧི་མཱ་ལ་ཡི་རི་རྒྱུད་མང་པོ་བརྒལ་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་པའི་པར་རིས་རྣམས་མཐོང་བྱུང་། སྐབས་དེར་ངའི་བསམ་བློར་ཇི་སྲིད་བོད་མིས་གཙོས་འཛམ་གླིང་གི་ས་གནས་གཞན་དང་གཞན་གྱི་ནང་མང་ཚོགས་རྣམས་ལ་རང་དབང་མེད་པ་ཡིན་ན་ངའི་རང་དབང་དེ་ཡང་རང་དབང་ཆ་ཚང་ཞིག་མིན་པའི་ངེས་པ་རྙེད་བྱུང་།
ང་རང་བོད་མིའི་གྲོགས་པོ་ཞིག་ཡིན་པའི་རྒྱུ་མཚན་དུ་བྱས་ནས་ངས་བོད་ལ་རང་བཙན་དགོས་རེད། ཅེས་ཞུ་མ་ཐུབ་ཀྱང་བོད་མི་ཚོར་རང་དབང་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ངེས་པར་དུ་དགོས། མང་གཙོ་དང་རང་དབང་སོགས་རིན་ཐང་དེ་དག་ཆེད་འཐབ་རྩོད་བྱེད་དགོས་པ་རེད་མ་གཏོགས་གཞན་གྱིས་ལག་ཐོག་ཏུ་རྔན་པ་སྤྲད་པ་ལྟ་བུ་སྤྲོད་མཁན་མེད། གལ་ཏེ་ད་ལྟའི་གདུག་རྩུབ་ཅན་གྱི་སྲིད་གཞུང་དེ་ཚོས་བྱེད་སྟངས་ལ་ང་ཚོས་ངོ་རྒོལ་མ་བྱས་པ་ཡིན་ན་མི་རབས་བརྗེ་པོ་བརྒྱབ་ནས་སླར་ཡང་མི་རབས་གསར་པ་ཚོས་རང་དབང་དང་མང་གཙོ་སོགས་ཀྱི་ཆེད་འཐབ་རྩོད་བྱེད་དགོས་པ་ཆགས་རྒྱུ་རེད། དེར་བརྟེན་མི་རབས་རྗེས་མ་ཚོས་རང་དབང་དང་དྲང་བདེན། མང་གཙོ་བཅས་ཀྱི་ཐོབ་ཐང་l ལོངས་སུ་སྤྱོད་ཐུབ་ཆེད་ང་ཚོས་མུ་མཐུད་རིན་ཐང་དེ་དག་ཆེད་འཐབ་རྩོད་བྱེད་དགོས། ཅེས་སོགས་གསུངས།
དེའི་རྗེས་གསར་འགོད་པས་སྤེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སུ་སྐུ་ཚབ་ཚོགས་པ་དྷ་སར་ཕེབས་དགོས་དོན་གཙོ་བོ་གང་ཡིན་འདྲི་སྐབས་ཁོང་གིས། སྤྱིར་འཛམ་གླིང་སྤྱི་ཡོངས་ནས་དེང་རབས་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་ཉེན་ཚབས་ཆེ་བའི་གནས་སྟངས་ཤིག་གི་ནང་ཡོད་པར་བརྟེན། གསར་གཏོད་དང་འབྲེལ་བ་བསྐྱར་གསོའི་ལམ་ལུགས་ཐོག་ནས་དེ་སྔ་ཡོད་པའི་རྒྱལ་སྤྱིའི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཏེ་འབྲེལ་བ་བརྟན་པོ་མེད་པའི་འཛམ་གླིང་གི་གནས་སྟངས་འོག ང་ཚོ་བོད་ཀྱི་གནས་སྟངས་ཡང་དེར་འབྲེལ་བ་ཆགས་འདུག
རྒྱལ་སྤྱིའི་ཁོར་ཡུག་འདི་འདྲའི་འོག་ནས་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འབྲེལ་ལམ་ལའང་འགྱུར་བ་འགྲོ་བཞིན་ཡོད། ད་ཡོད་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་སྟེང་འགན་འཁུར་མིན་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གསར་པ་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་འགྱུར་བ་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ།
ཕྱོགས་མཚུངས་བོད་དང་རྒྱ་ནག་གི་འབྲེལ་ལམ་ཐོག་བོད་མི་ཚོས་རྟོག་ཞིབ་གནང་སྟེ་འཆར་གཞི་གཞིར་བཟུང་ལས་དོན་སྤེལ་དགོས་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྟོབས་ཤུགས་དང་ནུས་ཤུགས་ལ་ཞེད་སྣང་དང་འཚེར་སྣང་ཧ་ཅང་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདི་འདྲ་ཞིག་སྐབས་སུའང་ཐེངས་འདིར་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་བཞུགས་སྒར་དྷ་སར་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་ཁག་ལ་ཐུག་འཕྲད་དང་གསར་འགོད་གསལ་བསྒྲགས་སོགས་སྤེལ་བ་དེ་ནི་ཁོང་རྣམ་པས་བོད་ཀྱི་རྩ་དོན་ལ་དོ་སྣང་སྤྲོད་བཞིན་ཡོད་པ་གསལ་སྟོན་གནང་བ་ཞིག་ཡིན་ཞིང་།
ང་ངོ་བོད་མི་ཚོའི་ངོས་ནས་ཀྱང་རྒྱབ་སྐྱོར་འདི་ལས་ལྷག་པ་ཞིག་བྱུང་ན་བསམ་པའི་རེ་བ་དང་འབད་བརྩོན་གནང་ཆོག་པ་ཞིག་དང་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་གསར་གཏོད་ཀྱི་དུས་སྐབས་འདིར་རྒྱལ་སྤྱིའི་སྟེང་ང་ཚོའི་གནས་སྟངས་སྦ་གསང་དང་། རྩིས་མེད་རྡོག་རོལ་བཏང་བཞག་པ། དེ་བཞིན་གུས་བརྩི་མེད་པ་སོགས་མ་བྱས་པའི་ཐོག མུ་མཐུད་ནས་གླེང་སློང་གནང་བ་དང་། རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་དང་གཏམ་བཤད་སྤེལ་བ་དེ་དག་ལ་བོད་མི་ཡོངས་ནས་བརྩི་བཀུར་དང་སེམས་ཤུགས་འཕར་བའི་ཐོག་བསམ་ཞིབ་ཀྱིས་འབད་བཙོན་དང་སྤྱི་པའི་རྩ་དོན་ཐོག་མུ་མཐུད་འགན་འཁུར་ལེན་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཆགས་འདུག ཅེས་གསུངས་གསུངས།