༢༠༡༨ ཟླ་ ༥ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་པིར་ཨེན་ཊོ་ནིའོ་པན་ཛེ་རི་ Pier Antonio Panzeri མཆོག་གིས། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ ཉིན་ཡོ་རོབ་གྲོས་ཚོགས་ནང་ཛ་དྲག་གི་གྲོས་ཆོད་བཏོན་པ་གཞིར་བཟུང་བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེར་སེམས་འཚབ་ཧ་ཅང་ཡོད། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡོངས་སུ་མཐུན་པའི་ཐོག་ནས་རྩོད་ལེན་བྱས་ཡོད་སྐོར་དེ་སྔ་ནེའུ་ཡོག་དུས་བབ་གསར་ཁང་New York Timesགི་དངོས་བྱུང་བརྙན་ཐུང་བརྒྱུད་གསལ་འདོན་གནང་ཡོད།
སྤྱིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡུལ་ཁྲིམས་ཀྱི་འབྲུ་དོན་ནང་གསལ་ལྟར་ན། ས་གནས་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཆོག་པ་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་སྟབས་བཀྲ་ཤིས་དབང་ཕྱུག་ལགས་ལ་ཉེས་ཆད་རྩ་བ་ནས་འགེལ་མི་ཆོག རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལོ་གཉིས་རིང་བཀག་ཉར་བྱས་པ་དེ་ནི་དྲང་བདེན་མིན་པ་མ་ཟད། ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཀྱང་ཡིན།
རིང་མིན་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱེད་སྐབས་དངོས་ཡོད་གནས་ཚུལ་གང་ཡིན་པ་དེར་བརྩི་འཇོག་གནང་ནས་ཕྱི་གསལ་ནང་གསལ་དང་དྲང་པོ་དྲང་གཞག་གི་ཐག་གཅོད་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཞེས་འཁོད།