ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་བོད་མིའི་འཕྲོད་བསྟེན་ལྟེ་གནས་ཁང་དང་སྨན་དཔྱད་ཁང་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད། ཐེངས་འདིར་སྐོར་སྐྱོད་གནང་དགོས་དོན་གཙོ་བོ་ནི་འཕྲོད་བསྟེན་སྨན་ཁང་གི་གནས་བབ་དང་སྨན་དཔྱད་ཁང་གི་ཡོ་ཆས། ས་གནས་ཡན་ལག་སྨན་ཁང་གི་དཀའ་ངལ་སོགས་རྟོག་ཞིབ་སླད་ཡིན་འདུག
སྐབས་དེར་ལྡེ་ར་ལྡུན་ས་གནས་འགོ་འཛིན་གྱིས་སྣེ་ལེན་གཟབ་རྒྱས་ཞུས་བསྟུན་ལྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་བྱེད་ཐུག་འཕྲད་གནང་བ་དང་སྦྲགས་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་སོགས་ལ་གཟིགས་ཞིབ་གནང་འདུག གོང་ཚེས་ཉིན་གྱི་ཕྱེད་ཡོལ་དུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་སློབ་གྲྭའི་ལས་བྱེད་དང་དགེ་རྒན་རྣམས་ལ་སློབ་གྲྭ་གལ་ཆེན་པོ་ཡིན་པའི་སྐོར་དང་རང་ཉིད་ངོས་ནས་འགན་ཁུར་ལྷག་བསམ་རྣམ་དག་ཐོག་ནས་ཞབས་ཞུ་བསྒྲུབ་དགོས་པའི་སྐོར་གསུང་བཤད་གནང་།
ཉིན་གཉིས་པར་འཕྲོད་བསྟེན་བཀའ་བློན་མཆོག་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ Naveen kiran ཞེས་མྱོས་རྫས་ངན་གོམས་བཅོས་ཐབས་ཁང་དུ་གཟིགས་སྐོར་གནང་སྐབས་ངེས་སྟོན་པ་སྐུ་ཞབས་ Mr. Uday Pratap singh ལགས་ཀྱི་བཀའ་འཁྲོལ་འོག་འཛིན་ཁང་དང་ཉལ་ཁང། གཞན་ཡང་སློབ་གྲྭའི་ཁོར་ཡུག་བཅས་གཟིགས་གནང་འདུག
འཕྲོད་བསྟེན་བཀའ་བློན་མཆོག་གིས་ཁུལ་དེར་ཡོད་པའི་བོད་མི་དང་རྒྱ་གར་ནད་པ་རྣམས་ལ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེའི་རིན་ཐང་ངོས་འཛིན་པའི་ཐོག་ནས་དེ་ལྟ་བུའི་ཧ་ཅང་རྩ་བ་ཆེ་བའི་མི་ལུས་དེ་ཉིད་ཆང་རག་སོགས་མྱོས་རྫས་ཀྱིས་ཆུད་ཟོས་སུ་མ་བཏང་བར་གང་ཐུབ་གཞན་ཕན་གྱི་བྱ་བ་བསྒྲུབ་སྟེ་མི་ཚེ་དོན་ལྡན་ཞིག་སྐྱེལ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་བསྟུན་ད་ཡོད་ནད་པ་རྣམས་ངན་གོམས་དེ་དག་ལས་མྱུར་དུ་དྲག་སྐྱེད་ཡོང་ཐུབ་པ་དང་། མི་ཚེ་དོན་ལྡན་ཞིག་ཡོང་རྒྱུར་སྨོན་ལམ་ཡོད་སྐོར་ཡང་གསུངས།
དེ་རྗེས་ལྡེ་ར་ལྡུན་དུ་ཡོད་པའི་ཚེ་རིང་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་སྐོར་སྐྱོད་དང་སྦྲགས་ས་གནས་ཀྱི་སྐུ་ཚབ་དང་ལྷན་འཕྲོད་བསྟེན་གྱི་གནད་དོན་དང་བཙོག་ཆུ་ཡུར་བའི་དཀའ་ངལ་སོགས་ཀྱི་སྐོར་གོ་བསྡུར་གནང་འདུག
རཱཇ་པུར་དུ་རྟེན་གཞི་བྱས་པའི་མཛེ་བདེ་ཁང་གསར་ Zhedhey Khangsar ཞེས་མྱོས་རྫས་ངན་གོམས་བཅོས་ཐབས་ཁང་དུ་ངེས་སྟོན་པ་དང་སློབ་སྟོན་པ། ནད་པ་སོགས་དང་ཐུག་འཕྲད་གནང་བ་མ་ཟད། ནད་པ་མི་རེ་ངོ་རེ་དང་ཐུག་ནས་བཀའ་བློན་མཆོག་གིས་ལམ་སྟོན་དང་སྦྲགས་མྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་བརྒྱབ་ཡོད།
དེ་ནས་ལྡེ་ར་ལྡུན་རྒྱལ་སའི་ནང་རྟེན་གཞི་བྱས་པའི་གསོ་རིག་བོད་སྨན་གྱི་སྨན་ཞབས་ལས་ཀ་བྱེད་རྣམས་ལ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་དང་། བོད་མི་རྣམས་སྨན་ཁང་དུ་ཕེབས་སྐབས་རོགས་པ་གང་ཐུབ་གནང་དགོས་པའི་ལམ་སྟོན་ཡང་གནང་འདུག་པ་བཅས།