༢༠༡༨ ཟླ་ ༥ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་ཁག་གཅིག་ལ་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། ཟབ་ཁྲིད་པ་པུ་ནཱིཏ་གུཔ་ཏཱ་ Puneet Gupta ལགས། དེ་བཞིན་རྒྱ་བལ་གཉིས་ནས་ཚོགས་བཅར་བ་ཁྱོན་སློབ་ཕྲུག་ ༣༨ བཅས་ཚང་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྣང་གསལ་ཞལ་ཕྱེ་དང་འབྲེལ་མཛད་སྒོ་དབུ་འཛུགས་གནང་།
དེ་ནས་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་དྲུང་འཕར་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཕེབས་བསུ་དང་ལྷན་ཟབ་སྦྱོང་གི་དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་གྲུབ་མཚམས་སློབ་མ་ཚོས་རང་ཉིད་ངོ་སྤྲོད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། འགོ་ཁྲིད་བཟང་པོ་ཞིག་བྱེད་དགོས་
སྤྱིར་ཕྱི་ཚེས་ ༢༡ ནས་ ༢༦ བར་ཉིན་གྲངས་དྲུག་རིང་ཟབ་སྦྱོང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ “བོད་དང་འགོ་ཁྲིད་” ཅེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་རྒྱུ་དང་། སྐུ་ཞབས་པུ་ནཱིཏ་གུཔ་ཏཱ་ལགས་ཀྱིས་ཉིན་གྲངས་གསུམ་རིང་ “འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་སྐོར།” ཞེས་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ “དབུ་མའི་ལམ་གྱི་སྲིད་བྱུས་” སྐོརདང་། སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ “བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་དང་བཅའ་ཁྲིམས་སྐོར།” ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བརྡ་ཆད་ངོ་སྤྲོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་ “ཉམས་ཞིབ་ཀྱི་ཐབས་ཚུལ་” སྐོར།
ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ “གཞུང་ཞབས་གསར་འདེམས་གནང་ཕྱོགས་” སྐོར། བོད་ཀྱི་ཐེབས་རྩའི་དྲུང་གཞོན་ཟུར་པ་ཚེ་དབང་རིག་འཛིན་ལགས་ཀྱིས་ “ཁྱེད་དང་མ་འོངས་པའི་བོད་” ཅེས་སོགས་ཀྱི་བརྗོད་གཞི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་བཅས།།