༢༠༡༨ ཟླ་ ༥ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ ཉིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་སུམ་ཅུ་པ་ལེགས་པར་མཇུག་སྒྲིལ་གནང་འདུག
དེ་ཡང་ཕྱི་ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་སྐབས་གཙོ་བོ་རྒྱལ་སྤྱི་དང་། ལྷག་པར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཚོགས་སྐབས་གནས་སྟངས་གང་བྱུང་བ་རྣམས་གཙོ་བོར་འཛིན་ནས་དེར་གཞིགས་པའི་རྒྱ་ནག་ནང་འགྱུར་འགྲོས་ཀྱི་གནས་སྟངས། དེ་བཞིན་རྒྱ་དཀར་ནག་གཉིས་དང་། རྒྱ་ནག་དང་ཨོ་གླིང་དབར་གྱི་འབྲེལ་བ། རྒྱ་ནག་དང་ཝེ་ཊི་ཀེན་ Vatican དང་དབར་གྱི་འབྲེལ་ལམ་དང་། ཨ་རིའི་རྒྱལ་ཡོངས་བདེ་འཇགས་ཐབས་བྱུས་དང་ཐེ་ཝན་ནང་གི་ཆབ་སྲིད་གནས་སྟངས་བཅས་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་བཞིན་པའི་ལས་དོན་ཐོག་བཟང་ངན་གྱི་ཤུགས་རྐྱེན་ཇི་བྱུང་སྐོར་བགྲོ་གླེང་གནང་འདུག་པ་མ་ཟད། བོད་ནང་གི་གནས་སྟངས་དང་རྒྱལ་སྤྱིའི་ཁྱོན་དུ་ཆབ་སྲིད་ཀྱི་འགྱུར་འགྲོས་བཅས་ཁྱོན་ཡོངས་ཀྱི་གནས་སྟངས་འོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུའི་བཟང་ཕྱོགས་ཀྱི་རེ་བ་ཇི་ལྟར་རྒྱག་ཐུབ་མིན་གྱི་གནས་སྟངས་བཅས་ཐོག་གོ་བསྡུར་ལྷུག་པོ་གནང་འདུག་པ་བཅས། །