༢༠༡༨ ཟླ་ ༥ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་འཕྲོད་བསྟེན་ཉམས་གསོ་ཁང་ Asia health Resort ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་སུམ་ཅུ་པ་དབུ་འཛུགས་གནང་སོང་།
དེ་ཡང་ཕྱི་ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་སྐབས་གཙོ་བོ་རྒྱལ་སྤྱི་དང་། ལྷག་པར་རྒྱ་ནག་ནང་གི་ཆབ་སྲིད་འགྱུར་འགྲོས་ཀྱི་གནས་སྟངས། དེ་བཞིན་བོད་རྒྱ་གཉིས་ཀྱི་གནས་སྟངས་སོགས་ལ་གཞིགས་ཏེ་འབྱུང་འགྱུར་རྒྱ་ནག་གི་འགོ་ཁྲིད་དང་ལྷན་འབྲེལ་མོལ་བསྐྱར་གསོ་ཇི་ལྟར་དགོས་པའི་གནད་དོན་སོགས་ཀྱི་སྐོར་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་འདུག
སྤྱིར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་གནང་དགོས་དོན་ནི། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་འདུག་པ་བཅས།