༢༠༡༨ ཟླ་ ༥ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་མཁན་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ལ་ཉེ་ལམ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་ཚོགས་པའི་གཞུང་འབྲེལ་དྲ་རྒྱའི་ནང་འཁོད་དོན་ལྟར་ན། “རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གསལ་བསྒྲགས་སྤེལ་བ་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་རེ་སན་ Mr. Michel Raison མཆོག་དང་ཚོགས་མི་རྣམ་པ་ཧང་སང་བ་དང་སྦྲགས་བློ་ཕམ་ཧ་ཅང་བྱུང་།
ཕྱི་ལོ་ ༢༠༡༥ ལོར་བཅར་འདྲི་དང་ལེན་སྐབས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། “ངས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་གི་ཆ་རྐྱེན་ཁག་གསལ་པོར་བཀོད་པ་ལྟར། བོད་མི་རྣམས་ལའང་རང་གི་སྐད་ཡིག་སྲུང་སྐྱོབ་གོང་སྤེལ་གཏོང་རྒྱུ་དང་། བོད་ཀྱི་སྐད་ཡིག་བརྒྱུད་ལམ་འོག་ནས་རིག་གནས་གཞན་སྦྱང་རྒྱུའི་ཐོབ་ཐང་ཆེད་ཞུ་གཏུག་ལས་འགུལ་སྤེལ་བ་ཡིན། ” ཞེས་གསུང་ཡོད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱལ་ཚོགས་སྐུ་ཚབ་དང་འཐུས་མི་རྣམ་པས་ཆོད་སེམས་བརྟན་པོས་འབད་བརྩོན་བྱེད་བཞིན་པའི་སྐབས་འདིར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཀྱང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ལ་སྙད་ནས་རིག་གཞུང་དང་ཤེས་ཡོན། སྨྲ་བརྗོད་རང་དབང་ལྟ་བུ་གཞི་རིམ་ཐོབ་ཐང་ཆེད་འཐབ་རྩོད་བྱ་རྒྱུ་དེའང་ཁྲིམས་འགལ་དུ་རྩི་བཞིན་པ་ནི་ཧ་ཅང་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཡིན།
རྒྱལ་ཁབ་ཀྱི་ཆིག་སྒྲིལ་ཆེད་མི་རིགས་གཅིག་གྱུར་དགོས་རྒྱུ་མེད་དུ་མི་རུང་བར་ངོས་འཛིན་བྱེད་བཞིན་པའི་ཕྱིའི་སྟོབས་ཤུགས་དེའི་འོག་ནས་བོད་མི་རྣམས་ཀྱིས་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་གྲངས་ཉུང་མི་རིགས་སོ་སོའི་ཐུན་མིན་སྐད་དང་ཡི་གེ། ལེགས་བྱང་སོགས་སྤྱི་ཚོགས་ཀྱི་དཔལ་ཡོན་ཟུར་དུ་དར་འཕེལ་ཡོད་པ་དེ་དག་མུ་མཐུད་སྲུང་སྐྱོབ་རྒྱུན་འཛིན་ཆེད་འཐབ་རྩོད་བྱ་རྒྱུ་ཡིན་པ་ར་སྤྲོད་བྱེད་བཞིན་ཡོད།
ཐག་གཅོད་དེས་རྒྱ་ནག་གི་ཆ་ཤས་སུ་རྟོགས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་མིའི་ཐུན་མིན་ངོ་བོ་དང་། ཆོས། སྐད་ཡིག་དེ་དག་རྒྱ་ནག་རྒྱལ་ཁབ་ཆེན་པོས་སྲུང་སྐྱོབ་བྱེད་ཀྱི་མེད་པར་ང་ཚོ་ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ངོས་འཛིན་དང་སྦྲགས། ད་ཆ་རྒྱ་ནག་གཞུང་གིས་བོད་མིའི་ཐུན་མིན་ཆོས་དང་ལེགས་བྱང་། སྐད་ཡིག་དེ་དག་སྲུང་སྐྱོབ་དགོས་འདུག ཅེས་ཞུ་རྒྱུ་ཡིན། ” ཞེས་འཁོད་འདུག །