ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༡ ནས་ ༢༥ བར་ཉིན་ལྔའི་རིང་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་། ལྡེ་ར་ལྡུན་བདེ་སྐྱིད་གླིང་། ཧར་པ་སྤུར། སིམ་ལ། ཌོ་ལན་ཇི་བོན་གཞིས། ཀུམ་རའོ། སྤུ་རུ་ཝ་ལ། ས་ཊོན་བཅས་ས་གནས་ཁག་བརྒྱད་ཀྱི་ས་འཐུས་དང་། སིམ་ལ་ཕུད་ས་གནས་ཁག་གི་ས་གནས་འགོ་འཛིན། ས་འཐུས་སྒྲིག་འཛུག་མེད་པ་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་ཀྱི་སྤྱི་མི་གཅིག དེ་བཞིན་སྤོན་ཊ་ཆོལ་གསུམ་ས་གནས་བཅས་ནས་མཉམ་ཞུགས་པ་གྲངས་ ༦༤ ལ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱི་ཟབ་འཁྲིད་གནང་བ་ལེགས་གྲུབ་ཟིན།
ད་ཐེངས་ཀྱི་ཟབ་སྦྱོང་ནི་ཚེས་ ༢༡ དང་ ༢༢ ལས་ཉིན་གཉིས་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། ཚོགས་གཙོས་གྲོས་ཚོགས་སྟངས་འཛིན་བྱེད་ཕྱོགས། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་ཟབ་འཁྲིད་གནང་ཡོད་ལ། ཕྱི་ཚེས་ ༢༣ ཉིན་སྡེ་ཚན་ཆ་བགོས་ཀྱིས་ཟབ་སྦྱོང་དམར་ཁྲིད་ཀྱི་ཡིག་ཆ་ཁག་གྲ་སྒྲིག་གནང་རྗེས་ཚེས་ ༢༤ དང་ ༢༥ ལས་ཉིན་གཉིས་རིང་དམར་ཁྲིད་ཟབ་སྦྱོང་གནང་ཡོད།
དམར་ཁྲིད་ཟབ་སྦྱོང་དངོས་གཞིའི་སྐབས་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བཅས་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་གྲོས་ཆོད་གཅིག་དང་། སྐར་རྟགས་ཅན་གྱི་དྲི་བ་བདུན་དང་ལན། ཐུགས་སྣང་གཞེན་སྐུལ་དྲུག ལས་བསྡོམས་གཅིག་དང་དེ་འབྲེལ་གསུང་བཤད། གྲོས་འཆར་བདུན། ཁྲིམས་སྒྲིག་བསྐྱར་བཅོས་གཅིག་དང་གསར་བཟོ་གཅིག ལོ་འཁོར་སྔོན་རྩིས་དང་དེ་འབྲེལ་གཏམ་བཤད་དང་གཏོང་ལེན་ཁྲིམས་ཡིག་བཅས་ཀྱི་ལས་རིམ་བསྐྱངས་ཐོག ཟབ་ཁྲིད་གནང་མཁན་རྣམ་གཉིས་ཀྱིས་སྐབས་ཐོག་སོ་སོར་སྐྱོན་གནད་རྣམས་ཡོ་བསྲང་ཀྱི་སློབ་སྟོན་གནང་ཡོད་པ་དང། དེ་བཞིན་ས་གནས་ཁག་གི་ས་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྲངས་ ༡༡ གིས་རིམ་པས་ལས་རིམ་གཙོ་སྐྱོང་གནང་ཞིང་ཚོགས་ཞུགས་ས་འཐུས་རྣམས་པའི་དྲི་བ་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་རྣམས་ཀྱིས་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། མཉམ་ཞུགས་པ་རྣམས་ཀྱིས་ཚ་ཚ་འུར་འུར་ངང་ཆ་ཤས་བཞེས་ཡོད་ལ། མཉམ་ཞུགས་གནང་མཁན་དགུང་ལོ་བགྲེས་ཤོས་ ༧༤ དང་ཆུང་ཤོས་ ༡༧ ཡིན་འདུག
ཐར་ཟབ་སྦྱོང་མཇུག་བསྡོམས་ཀྱི་ཐོག་མཉམ་ཞུགས་པ་རྣམས་ནས་དགེ་ཕན་ཇི་བྱུང་དང་། མ་འོངས་ཟབ་སྦྱོང་འབུལ་ཕྱོགས་སོགས་ཀྱི་ཐད་དགོངས་ཚུལ་གསུངས་གནང་བ་དང་། དེ་རྗེས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཟབ་སྦྱོང་བ་ཡོངས་ཀྱིས་དོ་སྣང་ཆེན་པོའི་ཐོག་མཉམ་ཞུགས་གནང་བར་བསྔགས་བརྗོད་གནང་བ་མ་ཟད། སྤོན་ཊ་ཆོལ་གསུམ་གཞིས་ཆགས་ས་གནས་འགོ་འཛིན་གྱིས་དབུས་ལས་ཀྱི་སྣེ་མོ་རྣམས་ཀྱིས་མཐུན་འགྱུར་གནང་སྒོ་ཁག་ཚགས་ཚུད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
དེ་བཞིན་ཚེས་ ༢༤ ཉིན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་དང་། སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་རྣམས་གདན་ཞུས་ཀྱིས་ཕྱི་དྲོ་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་ཞུས་པའི་ཚང་འཛོམས་ཐོག་རྒྱ་གར་བུད་མེད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ཇ་སན་དང་། དམག་སྤྱི་ཟུར་པ་སྐུ་ཞབས་ཀར་ན་ཌི་ནཱ་ཤི། ས་གནས་མཐོ་སློབ་ཀྱི་འབྲེལ་འཐུད་པ་སྐུ་ཞབས་པར་ཤན་བཅས་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་འཚམས་འདྲིའི་སྣེ་ལེན་དང་ངོ་སྤྲོད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །