ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ན་གཞོན་རོགས་སྐྱོར་ཚན་པས་གོ་སྒྲིག་འོག་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བཙན་བྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོ་བཞུགས་སྒར་རྡ་ས་གངས་སྐྱིད་ཕྱི་དྲིལ་ཀམ་པུ་ཊར་ཚན་པའི་ཚོགས་ཁང་དུ་ཚོགས་ཡོད། ཚོགས་འདུར་རྒྱ་གར་དང་བལ་ཡུལ་ནས་མི་གྲངས་ ༡༩ མཉམ་ཞུགས་གནང་འདུག གཞན་ཡང་ནང་སྲིད་དྲུང་ཆེ་པད་དཀོད་དགེ་གླིང་འཆི་མེད་རིག་འཛིན་ལགས་དང་གསར་འགོད་པ་སོགས་ཕེབས་འདུག
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་ཞལ་ཕྱེ་གནང་རྗེས། ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་རྗེས་ཤུལ་ཉེ་འབྲེལ་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་སྐར་མ་གཅིག་རིང་མྱ་ངན་ངག་བཅད་གནང་། དེ་ནས་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ནས་ཚོགས་འདུའི་དགོས་པ་དང་དམིགས་ཡུལ་སྐོར་ངོ་སྤྲོད་གནང་རྗེས།
སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་གསུང་བཤད་གནང་དོན། ང་ཚོ་སྤྱི་ཚོགས་ནང་ལག་ཤེས་སྦྱོང་བརྡར་ཁང་དེ་དག་མེད་དུ་མི་རུང་བ་ཞིག་ཆགས་ཡོད། ནང་སྲིད་དང་ས་གནས་ཁག་གི་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་དབར་ལ་ལས་དོན་བྱེད་ཕྱོགས་དང་སློབ་སྦྱོང་སྤྲོད་སྟངས་ཐད་ལ་འབྲེལ་བ་དེ་ཙམ་མེད་པ་ཞིག་ཆགས་འདུག
སྤྱིར་བཏང་འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་ས་གནས་ཁག་གི་ལག་ཤེས་སྦྱོང་བརྡར་ཁང་དེ་དག་གིས་ཀྱང་གསར་གཏོད་ཀྱི་རྣམ་པའི་ཐོག་ལས་གཞི་ག་རེ་སྤེལ་དགོས་མིན་གྱི་ཐད་ལ་དགོངས་བཞེས་གནང་དགོས་པ་ཆགས་འདུག མ་འོངས་པར་ལག་ཤེས་སྦྱོང་བརྡར་ཁང་དེ་དག་ཟླ་སྒྲིལ་གཏོང་དགོས་མིན། ཡང་ན་ལག་ཤེས་སྦྱོང་བརྡར་ཁང་དེ་དག་ཚགས་ཚུད་དུ་བཏང་ནས་གསར་གཏོད་ཀྱི་རྣམ་པའི་ཐོག་མ་འདྲ་བ་ག་རེ་བཟོ་རྒྱུ་འདུག དེ་ཚོའི་ཐོག་ང་ཚོས་ཏན་ཏན་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཆགས་འདུག
ང་ཚོས་ལྔ་དང་ལྔ་བཅུའི་འཆར་སྣང་དང་མཐུན་པ་ཞིག་དང་། དེ་བཞིན་དེང་དུས་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་མཐུན་པའི་ཐོག་ལ་གོམ་པ་སྤོ་དགོས། ད་ལྟ་བར་དུ་ལག་ཤེས་སྦྱོང་བརྡར་ཁང་ཁག་ནས་སྐྲ་བཟོ་དང་མཛེས་བཟོ། ཚེམ་བུ་རྒྱག་སྟངས་ཙམ་མ་གཏོགས། དེ་མིན་སྤྱི་ཚོགས་ནང་འགྱུར་བ་ག་རེ་འགྲོ་གི་ཡོད་པའི་ཐོག་དགོངས་པ་བཞེས་མ་ཐུབ་པའི་གནས་སྟངས་ཆགས་འདུག ད་ཆ་ང་ཚོས་ཚད་མཐོའི་ལག་ཤེས་སྦྱོང་བརྡར་ཐོག་དགོངས་པ་བཞེས་དགོས་ཀྱི་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ “རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་” པའི་བཀའ་སློབ་ཕེབས་པ་ལྟར་ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས།
གཞིས་ཆགས་ཁག་སྲ་བརྟན་བཟོ་དགོས་པ་དང་། སྲ་བརྟན་བཟོ་བར་གཞིས་ཆགས་ཁག་གི་གཞོན་སྐྱེས་ཚོར་ལས་རིགས་སྦྱོང་བརྡར་སྤྲོད་དགོས། གཞིས་ཆགས་ཁག་ནང་ཁོར་ཡུག་ཡག་པོ་སྐྲུན་དགོས། དཔེར་ན་ད་ལོ་བོད་མིའི་སྒྲིག་འཛུགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བཙུགས་ཡོད། དེ་བརྒྱུད་ནས་ཚོང་རྒྱག་མཁན་ཚོར་བུ་ལོན་གཡར་ཆོག གཞིས་ཆགས་ཁག་གི་ནང་ལས་རིགས་ཀྱི་སྦྱོང་བརྡར་ཁང་འདྲ་མིན་འཛུགས་ཐུབ་པ་ཡིན་ན། གཞོན་སྐྱེས་ཚོ་ཕྱི་རྒྱལ་དུ་འགྲོ་གི་མ་རེད། འགན་འཛིན་རྣམ་པ་ཚོས་དེ་རིང་གྲོས་བསྡུར་ལྷུག་པོ་གནང་ནས་འཆར་གཞི་ཚད་ལྡན་ཞིག་བཟོ་ཐུབ་པ་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་། ཚོགས་འདུ་གཙོ་སྐྱོང་གནང་མཁན་ནང་སྲིད་དྲུང་ལས་ཐུབ་བསྟན་རིག་འཛིན་ལགས་ཡིན་པ་བཅས།