ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ནི་དེང་སྐབས་རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་གྱི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ས་ཁོངས་སུ་གཏོགས་པའི་མདོ་ཁམས་སྐྱེ་རྒུ་མདོའི་བོད་རིགས་གཞོན་སྐྱེས་ཤིག་ཡིན་ལ། ཁོང་གིས་ཁམས་ཡུལ་ཤུལ་ཁུལ་གྱི་དགོན་སྡེ་དང་། སྒེར་གཉེར་སློབ་གྲྭ་ཁག དེ་བཞིན་སློབ་གྲྭར་འགྲོ་སྐལ་མ་ལྡན་པའི་ས་གནས་བོད་ཀྱི་བྱིས་པ་ཚོར་བོད་སྐད་ཡིག་སློབ་ཁྲིད་གནང་གི་ཡོད་མོད། ཕྱིས་སུ་རྒྱ་གཞུང་གིས་ས་ཁུལ་དེ་དག་ཏུ་བོད་སྐད་ཡིག་སློབ་ཁྲིད་བྱ་རྒྱུར་བཙན་དབང་བཀག་སྡོམ་བྱས་རྐྱེན། ཁོང་གིས་རྒྱ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གྲངས་ཉུང་མི་རིགས་ཟེར་བའི་སྐད་ཡིག་སྲིད་བྱུས་གཏན་འབེབས་བྱས་ཡོད་པ་ལྟར་གྱི་ཐོབ་ཐང་རྩོད་ལེན་བྱས་ནས། ས་གནས་སྲིད་གཞུང་ནས་དབུས་སྲིད་གཞུང་བར་ཞུ་གཏུགས་ལན་མང་བྱས་ཏེ་བོད་སྐད་ཡིག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་ཐབས་བྱས་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་མི་དཀར་ལ་ཞྭ་ནག་གཡོག་སྟེ་བཀྲ་ཤིས་དབང་ཕྱུག་ལགས་ནི་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བ་ཡིན་ཚུལ་བསྙོན་དཀྲི་བཙན་འགེལ་གྱིས་མི་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་འདི་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། སྐད་ཡིག་ཐོབ་ཐང་རྡོག་རོལ་བཏང་བར་མ་ཟད། རྒྱ་ནག་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནི་ཤོག་ཐོག་གི་རི་མོ་ཙམ་ལས་ཁྲིམས་ལྡན་དང་ཁྲིམས་སྐྱོང་གིས་རྒྱལ་འབངས་རྣམས་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་ཐུབ་ཀྱི་མེད་པ་གསལ་རྗེན་དུ་མངོན་ཡོད།
བཀྲ་ཤིས་དབང་ཕྱུག་ཁོང་རང་ཉིད་དང་། ཁོང་གི་ཁྲིམས་རྩོད་པ་ཉིང་ཞོ་ཅིན། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤེ་ཡའི་ཞིབ་འཇུག་འགན་འཛིན་ཇོ་ཤོ་རོ་སན་ཝི་གྷི་ Joshua Rosenzweig ལགས་བཅས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་བའི་ལས་ཀ་གང་ཡང་བྱས་མེད་པའི་འགྲེལ་བརྗོད་དང་བདེན་དཔང་ཁུངས་སྐྱེལ་གང་མང་བྱས་ཡོད་ཀྱང་། རྒྱ་གཞུང་གིས་དེ་དག་ལ་ཅི་མི་སྙམ་པར་ཁོང་ལ་མ་ཉེས་ཁག་གཡོག་གི་ཁ་འཕང་བཀལ་ཏེ་ལོ་ལྔའི་ཁྲིམས་ཐག་བཅད་པར་བློ་འཚབ་བྱུང་།
དོན་དངོས་འདི་དག་གི་ཐོག་ནས་རྒྱ་གཞུང་གིས་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་མེད་པ་གང་ཞིག་ལ། རྒྱ་གཞུང་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གསལ་བའིི་ཐོབ་ཐང་ཁག་ཀྱང་ཁ་ཙམ་ལས་དངོས་སུ་ལག་ལེན་དོན་འཁྱོལ་བྱེད་ཀྱི་མེད་པ་མིག་མཐོང་ལག་ཟིན་འབའ་ཞིག་ཏུ་གསལ་བས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་གཟུར་གནས་རྒྱལ་ཁབ་ཁག་གི་སྲིད་གཞུང་མི་སྣ་དང་། གྲོས་ཚོགས་འཐུས་མི། འབྲེལ་ཡོད་ཚོགས་སྡེ་གཞན་རྣམས་དང་། དྲང་བདེན་ལ་དགའ་བའི་མི་སྒེར། གསར་འགོད་བརྒྱུད་ལམ་སོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་དང་། བཀྲ་ཤིས་དབང་ཕྱུག་གཙོས་བོད་མི་ཉེས་མེད་བཙོན་འཇུག་བྱས་ཡོད་པ་རྣམས་གང་མགྱོགས་བཙོན་གྲོལ་ཐོབ་ཐབས་ཆེད་རྒྱབ་སྐྱོར་དང་རོགས་མགོན་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༨ ཟླ་ ༥ ཚེས་ ༢༣ ལ།