༢༠༡༨ ཟླ་ ༥ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༨ ཉིན་གྱི་ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་དྲུང་ཆེ་རཱམ་མ་དཱབ་ Ram Madhav མཆོག་གི་ཨ་མ་ལགས་ཇ་ན་ཀི་དེ་བི་ Shmt Janaki Devi ལགས་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་གུས་འདུད་དང་སྦྲགས་དམ་པ་ཁོང་གི་མཆོད་འབུལ་སྨོན་ལམ་དུ་ཕེབས་འདུག སྐབས་དེར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་ཝན་ཀཡྱ་ནྱ་ཌུ་ Venkaiah Naidu མཆོག་གིས་གཙོས་བློན་ཆེན་ཁག་དང་། གཞུང་ཚབ་ཁང་གི་ལས་བྱེད། དེ་བཞིན་རྒྱ་གར་ས་གནས་འདྲ་མིན་གྱི་གནད་ཡོད་མི་སྣ་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས་པ་མ་ཟད། རྒྱ་གར་གི་སྲིད་འཛིན་དང་སྲིད་བློན་མཆོག་གི་གསུང་འཕྲིན་བཅས་ཀྱང་སྒྲོགས་སྦྱང་ཞུས་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ཚེ་འདས་ཁོང་སྐུ་འཚོ་བཞུགས་སྐབས་རྒྱུན་དུ་ལས་དོན་གང་ཅིར་ཧུར་བརྩོན་ཆེ་ཞིང་ཐུགས་སེམས་བཟང་བ་དང་། དྲང་བདེན་དང་རང་དབང་ཆེད་འཐབ་རྩོད་གནང་བའི་བྱས་རྗེས་དེ་དག་ལ་བརྟེན་ང་རང་གིས་གཙོས་མི་མང་པོ་ཞིག་ལ་སེམས་འགུལ་ཤུགས་ཆེ་ཐེབས་ཡོད།
དམ་པ་ཁོང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཁེངས་དྲེགས་མེད་ཅིང་། དྲང་ཚུགས་བརྟན་ལ། བྱམས་སྙིང་རྗེ་ལྡན་ཞིང་། དགེ་རྒན་ཞིག་ཡིན་པའི་ཆ་ནས་སྒྲིག་ཁྲིམས་དམ་པོ་ཡོད་པའི་དགེ་རྒན་སེམས་ཁུར་ཅན་མཁན་ཞིག་ཡིན་པ་མ་ཟད། སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཀྱི་མི་ཚེའི་མདུན་ལམ་ཡག་པོ་བཟོ་ཆེད་གང་ཐུབ་འབད་བརྩོན་གནང་མཁན་ཞིག་ཀྱང་ཡིན། དེ་བཞིན་ལེགས་སྦྱར་སྐད་ཡིག་ལ་མཁྱེན་རྒྱ་ཡངས་པོ་ཡོད་སྟབས་མི་ཚེ་ཧྲིལ་པོའི་རིང་གནའ་བོའི་ལེགས་བྱང་དང་། མི་རིགས་བྱེ་བྲག་པའི་ཁྱད་ཆོས་དང་རིན་ཐང་ལ་དཔྱད་པ་གནང་ནས་མི་ཚེ་ཧྲིལ་པོ་བློས་གཏོང་གནང་ཡོད།
ཕྱོགས་མཚུངས་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་ནང་པའི་གཞུང་གིས་གཙོས་རྒྱ་གར་གནའ་བོའི་ལེགས་བྱང་ལ་སྦྱང་འདོད་ཤུགས་ཆེ་ཡོད་མཁན་ཞིག་ཡིན། ཁོང་གི་མི་ཚེའི་ནང་དམག་ཆེན་གཉིས་པ་དང་། རྒྱ་གར་རང་བཙན་འཐབ་རྩོད། དེ་རྗེས་རྒྱ་གར་རང་བཙན་ཐོབ་སྐབས། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་གྲང་དམག་སོགས་གཟིགས་མྱོང་ཡོད། ཕྱི་ལོ་ ༡༩༧༠ ནང་རྒྱ་གར་ཡར་རྒྱས་མྱུར་ཚད་མཐོ་པོའི་ཐོག་ནས་ཕྱིན་པ་དེའང་དམ་པ་ཁོང་གིས་གཟིགས་ཡོད། ཅེས་སོགས་གསུངས། མཆོད་འབུལ་སྨོན་ལམ་དེར་སྐུ་ཞབས་ Ram Madhav མཆོག་གིས་གཙོས་ནང་མི་རྣམས་ཕེབས་ཡོད་པ་བཅས།།