ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་བཀའ་ཤག་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པར་ཕེབས་པའི་རྒྱ་གར་གྱི་མཐོ་སློབ་ཁག་ ༡༢ ནང་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་གྲངས་ ༣༨ དང་ཐུགས་འཕྲད་ཀྱིས་ཕན་ཚུན་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ལམ་སྟོན་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཐོ་རིམ་སློབ་མ་རྣམས་ལ་འགོ་ཁྲིད་བཟང་པོ་ཞིག་བྱེད་དགོས་ན། མི་གཞན་གྱི་ཡིད་དབང་འགུག་ཐུབ་པའི་ནུས་པ་རང་ཉིད་ཀྱི་རྒྱུད་ལ་ལྡན་དགོས་པ་མ་ཟད། སོ་སོས་ལས་ཀ་བྱེད་དུས་ཡིན་ནའང་ཉེ་རིང་ཕྱོགས་ལྷུང་སྤངས་ཏེ་དྲང་པོ་དྲང་གཞག་དང་ཕྱི་གསལ་ནང་གསལ་ལྡན་པ་ཞིག་བྱེད་དགོས་པ། དེ་བཞིན་དམིགས་ཡུལ་གཞིར་བཞག་ཐོག་བྱམས་སྙིང་རྗེ་དང་། ཞུམ་པ་མེད་པའི་སྙིང་སྟོབས། གདེང་ཚོད། སེམས་ཀྱི་འཁྱེར་སོ་གཙང་མ་ལྡན་པ་ཞིག་དགོས་སྐོར་དང་། ཕྱོགས་མཚུངས་སློབ་མ་རྣམས་ཀྱིས་མུ་མཐུད་སློབ་སྦྱོང་ཡག་པོ་གནང་དགོས་སོགས་ཀྱི་བླང་དོར་གྱི་གསུང་བཤད་གནང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་དྲུང་འཕར་སྒྲོལ་དཀར་དབང་མོ་ལགས་དང་དྲུང་ལས་ཆོས་ལྡན་ལགས་རྣམ་གཉིས་ལྷན་བཅར་གནང་ཡོད་པ་བཅས། །