ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༥ ནས་ཟླ་ ༡༡ བར་ཟླ་གྲངས་ལྔ་ལྷག་ཙམ་རིང་རྒྱ་བལ་གཉིས་ཀྱི་བོད་པའི་སློབ་གྲྭ་ཁག་ ༣༩ ཙམ་དང་ས་གནས་ཁག་ ༢༦ ཙམ་གྱི་མང་ཚོགས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གོ་རྟོགས་ལས་གཞི་གོ་སྒྲིག་ཞུ་ཡི་ཡོད་ཅིང་། བརྗོད་གཞི་འདིའི་ཐོག་གོ་རྟོགས་སྤེལ་གནང་མཁན་ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་ཡིན། གོ་རྟོགས་ལས་རིམ་འདིའི་རིམ་པ་དང་པོ་དེ་དྷརྨ་ཤཱ་ལཱ་ཁུལ་དང་ཉེ་འཁོར་གྱི་སློབ་ཁག་དང་མི་མང་ལ་ཡིན་པ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ ཕྱི་དྲོ་ཆུ་ཚོད་ ༧། ༠༠ ནས་ ༨།༠༠ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་ ༣༥༠ ཙམ་ལ་གནང་ཡོད་པ་དང་། དེའི་སྐབས་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། སློབ་ཕྲུག་ལམ་སྟོན་ཚོགས་ཆུང་གི་རྒན་ལགས་རྣམ་པ་བཅས་ཀྱང་ཕེབས་ཡོད།
དེ་ཡང་ཉིན་དང་པོར་སློབ་ཕྲུག་ལ་དམིགས་ནས་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་འབྲེལ་ཡོད་གནད་དོན་ལྔའི་ཐོག་གསུང་བཤད་གནང་བ་སྙིང་བསྡུས་སུ། ཐོག་མ་དེར་ཆོས་ལུགས་ལ་མ་བརྟེན་པའི་རིང་ལུགས་འདིའི་བྱུང་རིམ་ལོ་རྒྱུས་སྙིང་བསྡུས་ཤིག་གསུངས་པ་དང་། དེ་ནས་དེང་གི་སྤྱི་ཚོགས་ནང་བཟང་སྤྱོད་ཀྱི་དགོས་མཁོ་དང་ལྷག་པར་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་གལ་ཐོག་གསུངས་སོང་། དེའི་རྗེས་བཟང་སྤྱོད་ཀྱི་རྩ་བ་གསུམ་ངོ་སྤྲོད་གནང་དོན། བྱམས་བརྩེའི་ནུས་པ་དང་། བཟོད་བསྲན་གྱི་ནུས་པ། རྟེན་འབྲེལ་གྱི་རང་བཞིན་བཅས་རང་སོ་སོའི་བསམ་བློ་དང་། སྨྲ་བརྗོད། ལག་ལེན་བཅས་སུ་འབད་བརྩོན་གནང་ཚེ། སློབ་ཕྲུག་དེ་དག་ལུས་ངག་ཡིད་གསུམ་གྱི་བཟང་སྤྱོད་ལྡན་པ་ཆགས་རྒྱུ་དང་། དེ་བཞིན་མི་ཚེ་དོན་དང་ལྡན་པ་ཡོང་བའི་གཞི་རྩ་གཙོ་བོ་ལྔ་ངོ་སྤྲོད་གནང་དོན། ལུས་ཀྱི་འཕྲོད་བསྟེན་གང་ལེགས་དགོས་རྒྱུ་དང་།
གཞན་དང་མཐུན་ལམ་གང་ལེགས་དགོས་རྒྱུ། དཔལ་འབྱོར་གྱི་རྒྱབ་རྟེན་དགོས་རྒྱུ། ཤེས་ཡོན་སློབ་སྦྱོང་གང་ལེགས་དགོས་རྒྱུ། མ་འོངས་ཕུགས་བསམ་གང་ལེགས་དགོས་རྒྱུ་བཅས་དཔེ་མཚོན་དང་མཉམ་དུ་འགྲེལ་བརྗོད་གནང་། མཐའ་དོན་སློབ་ཕྲུག་ཚོའི་སློབ་གཉེར་ཚད་ལྡན་གནང་བའི་ཐོས་བསམ་སྒོམ་གསུམ་གྱི་ཐབས་ཇུས་དཔེ་མཚོན་དང་བཅས་འགྲེལ་བརྗོད་གནང་དོན། འཛིན་གྲྭའི་ནང་དུ་རྒན་ལགས་ཀྱི་སློབ་ཁྲིད་གནང་བ་དང་རང་ཉིད་ནས་དཔེ་དེབ་བཀླགས་པ་རྣམས་ཐོས་པའི་ཤེས་བྱ་ཡིན་པ་དེ་དག་སོ་སོར་གོ་རྟོགས་ཡོང་བར་ཕན་རླབས་ཆེ། དེ་ནས་ཐོས་པའི་ཤེས་བྱ་རྣམས་ནན་ཏན་གྱིས་བསམ་བློ་དང་དཔྱད་ཞིབ་གནང་ཚེ་སློབ་ཕྲུག་སོ་སོའི་ཤེས་ཚད་མཐོ་རུ་གཏོང་རྒྱུར་ཕན་རླབས་ཆེ་བ་དང་། དེ་ནས་ཐོས་བསམ་གྱི་ཤེས་བྱ་རྣམས་རང་ཉིད་ཀྱི་གོམས་པར་བྱས་ནས་དུས་རྟག་ཏུ་དྲན་པར་བྱས་པ་ཙམ་མིན་པར་དུས་དང་རྣམ་པ་ཀུན་ཏུ་དོན་དངོས་སུ་ལག་བསྟར་ཡོད་ཚེ་སློབ་ཕྲུག་དེ་དག་གནས་ཚད་ཡོད་པར་ངོས་འཛིན་ཐུབ། མདོར་ན། སློབ་ཕྲུག་ཚོས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་སློབ་གཉེར་གནང་གི་ཡོད་ཚེ། སློབ་ཕྲུག་དེ་དག་གོ་རྟོགས་ཡོད་པ་དང་། ཤེས་ཚད་ཡོད་པ། གནས་ཚད་ཡོད་པ་ཆགས་ཐུབ་པ་བཅས་གསུངས།
གསུང་བཤད་བསྒྲུབས་རྗེས་སྐར་མ་ཉི་ཤུའི་རིང་དྲི་བ་དྲིས་ལན་གྱི་སྐབས་སློབ་ཕྲུག་འགའ་ཤས་ཀྱིས། ཕྲུ་གུ་ཆུང་དུས་བསམ་བློ་གཙང་མ་ཡོད་པ་དེ་ཆེ་རུ་འགྲོ་དུས་བསམ་བློ་སྡུག་ཆགས་ཆགས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་རོགས། འདས་ཟིན་པའི་གནད་དོན་འགའ་ཤས་ཐོག་བསམ་བློ་ཡང་ཡང་འཁོར་ནས་སེམས་མི་སྐྱིད་པ་ཆགས་ཀྱི་འདུག་པས་དེ་ལས་ཐར་བའི་ཐབས་ལམ་གང་ཡོད་དམ། ཆོས་ཁས་མི་ལེན་མཁན་ཚོའི་ནང་དུའང་སེམས་པ་བཟང་པོ་བྱེད་མཁན་མི་ཉུང་བ་འདུག་པས་དེའི་རྒྱུ་མཚན་གང་ཡིན་ནམ། སྦྱིན་པ་ཆོས་ལུགས་ལ་བརྟེན་ནས་གཏོང་བ་དང་ཆོས་ལ་མ་བརྟེན་ནས་གཏོང་བ་གཉིས་ལ་ནུས་པ་ཆེ་ཆུང་གི་ཁྱད་པར་གང་འདྲ་ཡོད་དམ། རྐུན་མ་བརྒྱབ་རྒྱུ་མེད། དེ་ནི་༸གོང་ས་མཆོག་གི་བཀའ་སློབ་ཡིན་ཅེས་ཟེར་དུས་བསླབ་བྱ་དེ་ཆོས་ལུགས་ལ་བརྟེན་ནས་ཡིན་ནམ་མ་བརྟེན་ནས་ཡིན་ནམ། ཞེས་བཀའ་འདྲི་གནང་བ་ཚང་མར་དགེ་བཤེས་ལགས་ནས་བཀའ་ལན་ཞིབ་ཕྲ་གནང་།
མཐའ་མ་དེར་སློབ་གྲྭའི་སློབ་སྤྱི་ངག་དབང་ལྷ་མོ་ལགས་ནས་མཇུག་བསྡོམས་གསུང་བཤད་གནང་སྐབས། ད་རེས་དགེ་བཤེས་ལགས་ནས་གནད་འགག་ཆེ་བའི་བརྗོད་གཞིའི་ཐོག་བཀའ་སློབ་གནད་ལ་འཁེལ་བ། ཕྲུ་གུའི་གོ་རྟོགས་ལ་འཚམས་པ། དུས་ཚོད་རྒྱས་བཅད་གནང་སོང་བ་མ་ཟད། ཕྲུ་གུར་དྲི་བ་གཏོང་རྒྱུར་སེམས་ཤུགས་སྤར་བ་མ་ཟད་དྲི་བ་ཚང་མར་བཀའ་ལན་གང་ལེགས་གནང་སོང་བར་ཐུགས་རྗེ་ཆེ་གསུངས་གནང་བ་དང་། ལྷག་པར་དུ་སློབ་གྲྭའི་ངོས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ན་ནིང་ནས་ལས་གཞི་སྤེལ་འགོ་བཙུགས་པ་དང་། མ་འོངས་པར་ལས་གཞི་རྒྱ་ཆེ་རུ་དང་མང་དུ་གཏོང་འཆར་ཡོད་པ་བཅས་དང་། དེ་ཉིན་ས་ག་ཟླ་བའི་ཚེས་གཅིག་དང་སྐུའི་བླ་གཟའ་ལྷག་དཀར་འཁེལ་བའི་རྟེན་འབྲེལ་བཟང་པོ་མ་བསྒྲིགས་ལྷུན་གྲུབ་བྱུང་སོང་ཞེས་དང་། དེ་ནས་སློབ་གྲྭའི་ཚབ་ཞུས་ཏེ་ཤེས་རིག་ལས་ཁུངས་དང་དགེ་བཤེས་ལགས་ལ་བཀའ་དྲིན་ཆེ་གསུངས་ནས། སློབ་སྤྱི་དང་དགེ་ཆེ་ནས་དགེ་བཤེས་ལགས་ལ་མཇལ་དར་ཕུལ་ནས་གསུང་བཤད་དང་པོ་གྲུབ།
གསུང་བཤད་ཉིན་གཉིས་པ་དེ་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ ཕྱི་དྲོ་ཆུ་ཚོད་ ༧། ༠༠ ནས་ ༨། ༣༠ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་ལས་ ༡༤༠ ཙམ་ལ་གནང་ཡོད། དེ་ཉིན་དགེ་བཤེས་ལགས་ཀྱིས་གོང་གི་གནད་དོན་ཁག་གི་སྟེང་དགེ་རྒན་ལ་མཁས་བཙུན་བཟང་གསུམ་ལ་སོགས་པའི་འོས་ཆོས་ག་འདྲ་ཚང་དགོས་པའི་སྐོར་དང་། དགེ་རྒན་རྣམ་པས་སློབ་ཕྲུག་ལ་བཟང་སྤྱོད་སློབ་སྤེལ་ཇི་ལྟར་གནང་དགོས་པའི་སྐོར་དཔེ་མཚོན་དང་ལྷན་དུ་འགྲེལ་བརྗོད་གནང་བ་དང་། དེ་ནས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རིང་རྒན་ལགས་ཚོས་བཀའ་འདྲི་གནང་བ་རྣམས་ལ་བཀའ་ལན་ལྷུག་པོ་གནང་བ་མ་ཟད། རྒན་ལགས་ཚོར་ཕྱག་ལས་གང་ལེགས་གནང་རྒྱུར་སེམས་ཤུགས་སྤར་གནང་སོང་།
མཐའ་དོན་སློབ་གྲྭའི་དབུ་འཛིན་ཚུལ་ཁྲིམས་ལགས་ནས་མཇུག་བསྡོམས་གསུང་བཤད་གནང་རྗེས་ཤེས་རིག་ལས་ཁུངས་དང་དགེ་བཤེས་ལགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་མཉམ་དུ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་ཕྱག་རྟགས་གནང་ནས་གསུང་བཤད་རིམ་པ་དང་པོའི་གསུང་བཤད་གཉིས་པའང་ལེགས་གྲུབ་བྱུང་། ད་དུང་གཟའ་འཁོར་གཉིས་ཙམ་རིང་དྷ་ས་དང་ཉེ་འཁོར་དུ་མུ་མཐུད་གོ་རྟོགས་སྤེལ་རྒྱུ་ཡིན་པ་རེད།
གོང་ཚེས་ཉིན་གཉིས་ཀྱི་གསུང་བཤད་མ་གནང་གོང་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་པདྨ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་འདི་ཉིད་དང་གསུང་བཤད་གནང་མཁན་ངོ་སྤྲོད་ཞུས་པ་དང་ཆབས་ཅིག དྷ་ས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ངོས་ནས་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་འདིར་མཐུན་འགྱུར་གནང་བར་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས།
གསུང་བཤད་རིམ་པ་དང་པོའི་ཁོངས་སུ་དྷ་སྟེང་བོད་ཁྱིམ་སློབ་གྲྭ་སྒྲུབ་པའི་རྗེས་དྷ་ཤོད་བོད་ཁྱིམ་སློབ་གྲྭ་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ གོ་པལ་པུར་བོད་ཁྱིམ་སློབ་གྲྭ སུ་ཇཱ་བོད་ཁྱིམ་སློབ་གྲྭ ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭ ཅོན་ཏཱ་ར་སཾབྷོ་ཊ་སློབ་གྲྭ སྦིར་དང་ཅོན་ཏཱ་ར་ས་གནས་མི་མང་བཅས་ལ་རིམ་པས་གསུང་བཤད་གནང་རྒྱུ་གཏན་འཁེལ་ཟིན། གསུང་བཤད་རིམ་པ་གཉིས་པ་བལ་ཡུལ་མངའ་ཁུལ་དང་། གསུམ་པ་ལ་དྭགས་དང་མ་སུ་རི་མངའ་ཁུལ། བཞི་པ་རྒྱ་གར་དབུས་ཕྱོགས་ཀྱི་ས་གནས་ཁག་གསུམ། ལྔ་པ་རྒྱ་གར་བྱང་ཤར་མངའ་ཁུལ་དང་། དྲུག་པའམ་མཐའ་མ་རྒྱ་གར་ལྷོ་ཕྱོགས་སུ་སྤེལ་རྒྱུ་གཏན་འཁེལ་བ་ཡིན།
ཟླ་གྲངས་ལྔ་ལྷག་ཙམ་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་གསུང་བཤད་ལས་གཞི་ལ་ཕ་རན་སི་རྒྱལ་ཁབ་ནས་ Fonds De Dotation Mon Kontan Ou ཞེས་པའི་ཚོགས་པ་ནས་དཔལ་འབྱོར་མཐུན་འགྱུར་གནང་ཡོད་པ་བཅས།