༢༠༡༨ ཟླ་ ༥ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༠ སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ་རྣམས་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྔ་ཕྱིའི་བྱུང་རིམ་དང་གྲུབ་འབྲས་སོགས་ཀྱི་སྐོར་བཀའ་སློབ་སྩོལ་སྐབས། དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་ནས་བཀའ་སློབ་སྩལ་དོན།
དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐོག་མ་ངོས་ཀྱིས་འགོ་བརྩམས་པར་བརྟེན་མཐའ་སྐྱེལ་བྱ་རྒྱུ་དེའང་ངོས་ཀྱི་འགན་རེད། དེར་བརྟེན་ང་ཚོ་བོད་ཀྱི་ཁ་དཔེར་ཡོད་པ་ནང་བཞིན། གཏམ་མགོ་ལན་མཇུག་ངོས་ཀྱིས་སྐྱེལ་དགོས་ཀྱི་ཡོད་པ་རེད། ང་ཚོའི་སྲིད་སྐྱོང་མང་གཙོའི་འོས་བསྡུ་ཐོག་ནས་ཡར་སླེབས་པའི་སྲིད་སྐྱོང་བློ་བཟང་སེངྒེ་ལྟ་བུར་ཆ་བཞག་པ་ཡིན་ནའང་། དབུ་མའི་ལམ་གྱི་ཐོག་བརྒྱ་ཆ་བརྒྱ་ཐམ་པ་འགྲོ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་ག་རང་གི་ཐོག་འགྲོ་བཞིན་ཡོད། ང་ཚོ་ཆབ་སྲིད་ཐོག་ནས་དབུ་མའི་ལམ་ཟེར་རྒྱུ་འདི་ནི། རྒྱ་གར་གཞུང་གཙོ་བོར་གྱུར་པའི་རྒྱ་ཁབ་ཁག་དེ་ཚོའི་གྲས་ཀྱིས་རྒྱས་སྐྱོར་བྱེད་རྒྱུ་རིགས་དེ་དག་ལས་སླ་པོ་དང་བྱེད་བདེ་བོ། རྒྱ་རིགས་ནང་དུ་ཡིན་ནའང་གྲོགས་པོ་མང་པོ་བཟོ་ཐུབ་པ་འདི་ང་ཚོའི་གྲུབ་འབྲས་རེད། རྒྱ་གར་གཞུང་ངོས་ནས་ཆ་བཞག་པ་ཡིན་ནའང་། དབུ་མའི་ལམ་ལ་རྒྱབ་སྐྱོར་ཆ་ཚང་ཡོད་པ་རེད། ཡུ་རོབ་གྲོས་ཚོགས་དང་། ཨ་རི་གྲོས་ཚོགས་གོང་འོག་ནས་དབུ་མའི་ལམ་ལ་གཞུང་འབྲེལ་རང་གི་ཐོག་ནས་རྒྱབ་སྐྱོར་བྱས་ཡོད། ཐེངས་ཤིག་ཨོ་བྷ་མ་དང་ངོས་གཉིས་ཐུག་ཟིན་པ་དང་ཕ་བྲང་དཀར་པོ་རང་ནས་དབུ་མའི་ལམ་དང་རྒྱབ་སྐྱོར་ཡོད་ཅེས་གསལ་བསྒྲགས་ཐོན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། སྤྱིར་རྒྱ་ནག་གུང་ཁྲན་གྱི་དྲིན་ལ་བརྟེན་ནས་བོད་ས་སྟོད་སྨད་ཡོངས་རྫོགས་ནང་ཆོལ་གསུམ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་སྔར་དང་མི་འདྲ་བ་ཞིག་ཆགས་ཐུབ་པ་མ་ཟད། གུང་ཁྲན་གྱིས་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པར་དབྱུག་པ་ལེབ་རྡུང་བྱས་པའི་དྲིན་ལ་བརྟེན་ནས་དེ་སྔ་དང་མི་འདྲ་བའི་བོད་མི་རྣམས་ལ་ཆིག་སྒྲིལ་གྱི་འདུ་ཤེས་ཧ་ཅང་ཤུགས་ཆེན་པོ་ཞིག་བསླེབས་ཡོད། སྐབས་རེ་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོགས་བྱ་རྒྱུ་དེ་དག་རྒྱ་ཆེ་སའི་གནས་ཚུལ་མ་མཐོང་བར་བློ་རྒྱ་ཆུང་དྲག་པའི་སྐྱོན་ཡིན་སྐོར་དང་།
དུས་རབས་ ༧།༨།༩ སྐབས་བོད་ས་ཡོངས་རྫོགས་གཅིག་གྱུར་ཡིན་ཞིང་། དེ་རྗེས་ཆབ་སྲིད་ཐོག་ནས་བོད་སིལ་བུར་ཐོར་ཡང་བོད་ཀྱི་སྐད་ཡིག་གཞི་རྩར་གྱུར་བའི་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་ལ་ཐོས་བསམ་སློབ་གཉེར་གཅིག་གྱུར་ཐོག་ནས་འགྲོ་སྐབས་དེའི་ཐོག་ནས་བོད་མི་རིགས་གཅིག་གྱུར་ངང་གནས་ཐུབ་ཡོད་སྟབས། དེར་བརྟེན་ང་དབུས་པ་ཡིན། ཁོ་པ་ཁམས་པ་རེད། ང་ཨ་མདོ་ཡིན། ཞེས་འཐེན་འཁྱེར་བྱ་རྒྱུ་དེ་ཧ་ཅང་ཐབས་སྐྱོ་པོ་དང་ནོར་འཁྲུལ་ཡིན་སྐོར། ཆོས་ལུགས་ལ་མཚོན་ནའང་ནང་པ་སངས་རྒྱས་པའི་གཞུང་ནང་བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་ཞེས་གྲུབ་མཐའ་བཞི་ཡོད་ཀྱང་རྩ་བའི་ནང་པ་གཅིག་གྱུར་ཆགས་པ་ལྟར། བོད་ལ་མཚོན་ནའང་ས་དགེ་བཀའ་རྙིང་། ཇོ་ནང་དང་བཅས་པ་དཔལ་ན་ལེནྡཱ་ནས་བརྒྱུད་པ་ཤ་སྟག་རེད་མ་གཏོགས་ནང་ཁུལ་མི་འདྲ་བ་ཕྲན་བུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ང་ཚོ་དང་ཁོ་པ་ཚོ། ཞེས་འཐེན་འཁྱེར་བྱས་ན་རྩ་བ་ནས་མ་འགྲིག་པ་ཡིན་སྐོར། དེ་བཞིན་བོད་མིའི་འཐབ་རྩོད་ལ་མཚོན་ནའང་དབུ་མ་དང་རང་བཙན་གྱི་འདོད་ཕྱོགས་འཛིན་མཁན་དབར་ཁྱེད་ཚོ་དང་ང་ཚོ་ཞེས་ཕན་ཚུན་འཐབ་རྩོད་བྱས་པ་ཡིན་ན་དགེ་མཚན་གང་ཡང་མེད་སྐོར་སོགས་བཀའ་སློབ་སྩལ།