༢༠༡༨ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །སྤྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པའི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དུ་བོད་པ་དང་རྒྱ་གར་བ་གཙོ་བོར་གྱུར་བའི་རྒྱལ་ཁབ་ ༤༢ ནས་ཕེབས་པའི་དོན་གཉེར་བ་མི་གྲངས་ ༩༦༠ བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་དོན།
འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཀྱི་མདུན་ལམ་བཟང་ངན་ཇི་འདྲ་ཡོང་མིན་གཞན་ལ་རག་ལས་ཡོད། གནའ་སྔ་མོ་ཡིན་ན་བོད་ལ་མཚོན་ན་ཧི་མཱ་ལ་ཡི་རི་རྒྱུད་ཀྱིས་འཐུམ་ནས་རང་ཁ་རང་གསོ་ལྟ་བུ་བྱ་ནས་བསྡད་པ་རེད། སྤྱིར་བོད་མི་ཚོས་ཉིན་ལྟར་ཁ་ནས་སྨོན་ལམ་འདོན་སྐབས་སེམས་ཅན་ཐམས་ཅད་ཟེར་གྱི་རེད། འོན་ཀྱང་ངོ་ཐོག་ལག་ལེན་ཐོག་ས་གནས་གཞན་ནང་གནས་ཚུལ་གང་བྱུང་མིན་ཇུས་གཏོགས་ཧ་ལམ་བྱེད་ཀྱི་མེད། དེའི་ཚེ་དེའི་དུས་རྒྱ་གར་ལ་མཚོན་ནའང་དེ་མཚུངས་ཡིན་ཞིང་། ཡུ་རོབ་རྒྱལ་ཁབ་ཚོར་མཚོན་ནའང་ཨེ་ཤི་ཡ་དང་ཨ་ཕི་རི་ཀ། ལྷོ་ཨ་མི་རི་ཀ་སོགས་ནང་གནས་ཚུལ་ཇི་བྱུང་ལ་བསམ་བློ་གཏང་གི་མེད།
འོན་ཀྱང་ད་ཆ་གནས་སྟངས་དེ་དུས་ཚོད་ཡོལ་ཟིན་པ་ཞིག་རེད། ད་ཆ་ང་ཚོས་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཀྱི་མ་འོངས་མདུན་ལམ་ཐད་བསམ་བློ་གཏོང་དགོས་པ་ཆགས་ཡོད། གང་ཡིན་བརྗོད་ན་སྔ་མོ་དང་མི་འདྲ་བར་དེང་སྐབས་ང་ཚོ་ཕན་ཚུན་ཧ་ཅང་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་གནས་སྟངས་འོག་གནས་བཞིན་ཡོད།
དེའི་ཐོག་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་མཚོན་ནའང་རྒྱལ་མཚམས་དང་ཆོས་ལུགས་ཀྱི་དབྱེ་བ་སོགས་རྩ་བ་ནས་མེད་པར་འགྲོ་བ་མི་རིགས་ཀུན་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཆགས་ཡོད། དཔེར་ན་ཁོར་ཡུག་འགྱུར་ལྡོག་ལ་བརྟེན་པའི་རང་བྱུང་གོད་ཆག་སོགས་ཀྱི་དཀའ་ངལ་དེ་དག་མི་ཀུན་ལ་འཕྲད་བཞིན་ཡོད། ཕྱོགས་མཚུངས་གོ་ལའི་དཔལ་འབྱོར་གྱི་གནས་སྟངས་ལ་མཚོན་ནའང་རྒྱལ་མཚམས་མེད། ངོས་ཀྱིས་བསམ་པར་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་རྒྱལ་ཞེན་གི་བསམ་བློ་ཆེ་དྲགས་པའམ་ཆོས་ལུགས་ཀྱི་ལྟ་བ་ཕྱོགས་སུ་ལྷུང་བ་སོགས་ལ་བརྟེན་ནས་རེད་དྲན་བཞིན་འདུག
ཕྱོགས་གཅིག་ནས་རྙོག་གྲ་དེ་དག་ང་ཚོ་རང་གི་བཟོས་པ་ཞིག་ཕལ་ཆེར་རེད། གཟུགས་མཐོང་བརྙན་འཕྲིན་ནང་གནས་ཚུལ་ཕལ་ཆེ་བ་རྒྱལ་ཞེན་དང་ཆོས་ལུགས་མཆོག་དམན་གྱི་བསམ་ཚུལ་གཞི་ལ་བཞག་པའི་མི་གསོད་ཁྲག་སྦྱོར་སོགས་ཡང་ཡང་བསྟན་པར་བརྟེན་ཡོང་བཞིན་ཡོད།
ཉེ་ལམ་འབར་མ་ Burma ནས་བྷང་ལ་དེ་ཤི་ Bangladesh ནང་བྲོས་བྱོལ་བསླེབ་པའི་རོ་ཧིན་གྱ་ Rohingya ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྡོད་གུར་ཡོད་སར་གླང་པོ་ཆེ་ཞིག་བསླེབ་ནས་མི་རེ་གཉིས་བསད་པའི་གནས་ཚུལ་དེ་བརྙན་འཕྲིན་ནང་ཧ་ལས་ལས་བྱས་ནས་བསྟན་སོང་། མིས་མི་བསད་པའི་གནས་ཚུལ་རྣམས་ཧ་ལམ་ཆར་ཅན་ལྟ་བུར་བརྩིས་ནས་དེར་དོ་སྣང་དེ་ཙམ་སྤྲད་ཀྱི་མེད། ཚན་རིག་པ་ཁག་གཅིག་གིས་མིའི་གཞི་རྩའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བརྗོད་བཞིན་ཡོད། ངོས་རང་མི་སུ་འདྲ་ཞིག་དང་ཐུག་སྐབས་མི་གཅིག་གྱུར་ཡིན་བསམ་པ་མ་གཏོགས་ངོས་རང་དམིགས་བསལ་བ་ཞིག་ཡིན་བསམ་རྩ་བ་ནས་དྲན་གྱི་མི་འདུག
གཞོན་དུས་ངོས་རང་པེ་ཅིང་ Beijing དང་དེ་རྗེས་ལྡི་ལི་ Delhi བཅས་སུ་བསྐྱོད་སྐབས་མཛད་སྒོ་ཧ་ཅང་དྲ་རྒྱས་པོ་དང་། འདྲ་ཆགས་པོ་དེ་འདྲ་འཚོགས་སྐབས་སེམས་ནང་དངངས་འཚབ་ལངས་པ་ལྟ་བུའི་ཕྲན་བུ་མི་བདེ་བ་ཡོང་གི་འདུག འོན་ཀྱང་ད་ཆ་དེ་རིགས་རྩ་བ་ནས་བྱེད་ཀྱི་མེད། ད་ཆ་མི་སུ་དང་ཐུག་ཀྱང་མི་གཅིག་གྱུར་ཡིན་བསམ་པ་དྲན་བཞིན་འདུག བསམ་བློ་དེ་འདྲ་གཏོང་སྐབས་རང་བཞིན་གྱིས་སེམས་ནང་ཞི་བདེ་བག་ཕེབས་ཡོང་བཞིན་འདུག བྱམས་བརྩེའི་བསམ་བློ་དེ་གང་ཟག་རང་ཉིད་ལ་མཚོན་ནའང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། མི་ཁག་གཅིག་གིས་བྱམས་བརྩེ་སྒོམ་ཟེར་སྐབས་མི་གཞན་ལ་ཕན་ཐོགས་པ་མ་གཏོགས་གང་ཟག་རང་ཉིད་ལ་ཕན་ཐོགས་མེད་སྐོར་ཤོད་བཞིན་པ་དེ་མཐའ་གཅིག་ཏུ་ནོར་འཁྲུལ་རེད། བྱམས་པ་དང་རྙིང་རྗེ་སྒོམ་སྐབས་ཁེ་ཕན་དང་པོ་དེ་གང་ཟག་རང་ཉིད་ལ་ཡོང་གི་ཡོད། ཅེས་སོགས་མགོན་པོ་གང་ཉིད་མཆོག་གི་མཛད་ཁུར་གཙོ་བོ་འགྲོ་བ་མིའི་བྱམས་བརྩེ་སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ།
དེ་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱི་ལས་འགན་གཉིས་པ་དེ་ཆོས་ལུགས་འཆམ་མཐུན་གོང་མཐོར་གཏོང་རྒྱུ་འདི་ཡིན། ངོས་རང་རྒྱ་གར་ཡུལ་ནང་ད་ཆ་ལོ་༦༠ ཙམ་ཕྱིན་སོང་། དེར་བརྟེན་རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ནས་དར་བའི་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྲོལ་དེར་ཡིད་སྨོན་ཧ་ཅང་སྐྱེ་བཞིན་འདུག ངོ་མཚར་ཅན་ཞིག་རེད་འདུག འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཕལ་མོ་ཆེ་འཆམ་མཐུན་ངང་མཉམ་གནས་བཞིན་པ་ནི་ཧ་ལམ་རྒྱ་གར་ཉག་གཅིག་རེད། མཚམས་རེ་རྙོག་གྲ་ཕྲན་བུ་ཡོང་བཞིན་ཡོད། དེའི་འགན་དེ་ཆབ་སྲིད་མི་སྣ་ཚོར་གཡོག་ཆོག་རྒྱུ་རེད། ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་ནས་བཀའ་སློབ་སྩལ་དོན།
གཞི་རྩའི་རྒྱ་གར་ནང་ལ་མཚོན་ན་ལོ་ངོ་ ༣༠༠༠ རིང་ནས་ཆོས་ལུགས་མཐུན་སྒྲིལ་དར་སྲོལ་ཡོད། རྒྱ་གར་རང་གི་ནང་དར་སྲོལ་བྱུང་བ་གྲངས་ཅན་པ་དང་རྒྱལ་བ་དམ་པ། ནང་པ་སངས་རྒྱས་པ། སིཀ། བཅས་རྒྱ་གར་རང་གི་ནང་བྱུང་བའི་ཆོས་ལུགས་རེད། དེ་བཞིན་པར་ཤིཡའམ་Persia དེང་སྐབས་ཨི་རན་ Iran ཞེས་གྲགས་པ་ནས་ཛོ་ར་ཨས་ཊིན་ Zoroastrian ཆོས་ལུགས་རྒྱ་གར་ནང་དར་ནས་ད་ཆ་གྲོང་ཁྱེར་མུམ་བྷེ་ Mumbai ནང་གཞི་ཆགས་ནས་ཡོད། ཆོས་ལུགས་དེའི་རྗེས་འབྲང་པར་མཚོན་ན་མི་འབུམ་གཅིག་ཙམ་ཡང་ཧ་ལམ་མེད་སྟབས་གྲངས་འབོར་ཆ་ནས་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་ཧིན་དུ་དང་ཁ་ཆེ། ཡེ་ཤུ་སོགས་ཀྱི་ཁྲོད་ཞི་བདེ་བག་ཕེབས་ངང་འཚོ་གནས་བྱེད་བཞིན་ཡོད། དེར་བརྟེན་ད་ཆ་ལོ་ངོ་སྟོང་གི་རིང་རྒྱ་གར་སྲོལ་རྒྱུན་ནང་དར་སྲོལ་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་གྱི་རིག་གཞུང་འདི་དེང་རབས་སྤྱི་ཚོགས་འདིའི་ནང་འབྲེལ་བ་ཧ་ཅང་ཡོད་པ་ཞིག་ཆགས་འདུག
ཡེ་ཤུའི་དགོན་པའི་ནང་གི་གྲ་པ་དང་ཨ་ནེ་ཁག་གཅིག་དངོས་གནས་ཆོག་ཤེས་བསྟེན་ནས་དོན་ཉུང་བྱ་ཉུང་དང་། བསླབ་ཁྲིམས་སྲུང་རྒྱུ་དེ་དག་ཧ་ལས་པ་ཞིག་འདུག ཁོང་ཚོ་མཇལ་སྐབས་བོད་པའི་དགེ་འདུན་པ་རྣམས་ཏོག་ཙམ་རྒྱས་སྤྲོད་ཀྱི་འཚོ་བ་སྐྱེལ་བཞིན་པ་ལྟ་བུ་མཐོང་གི་འདུག ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན། ལྟ་གྲུབ་གི་ཆ་ནས་བཤད་ན་འགའ་རེས་འཇིག་རྟེན་བཀོད་པ་པོ་འདོད། འགའ་ཤས་ཀྱིས་མི་འདོད། དེ་དག་ཐབས་ལམ་རེད། དམིགས་ཡུལ་ནི་བྱམས་པ་དང་བརྩེ་བ་སྒོམ་རྒྱུ་དེ་རེད། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཕལ་མོ་ཆེའི་ཐབས་ལམ་མི་འདྲ་ཡང་དམིགས་ཡུལ་གཅིག་པ་རེད། ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་པ་ནི་རྒྱ་གར་དཔེ་མཚོན་དུ་གཞག་ཆོག དེར་བརྟེན་ངོས་ཀྱི་ལས་འགན་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ཡིན། གལ་ཏེ་ཁྱེད་ཚོས་ངོས་ལ་ཡིད་ཆེས་ཡོད་ན་མི་ཐེར་འབུམ་བདུན་ཡོད་པ་རྣམས་ལ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་ཐོག་བསམ་བློ་གཏོང་རོགས། ཞེས་སོག་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་འདུག དེ་རྗེས་སྐུ་པར་ལྷན་སྒྲོན་མཛད་པ་བཅས།