༢༠༡༨ ཟླ་ ༥ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ད་ལྟ་བཞུགས་སྒར་དྷ་སར་འཚམས་གཟིགས་གནང་བཞིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་གསུམ་གྱིས་ཕྱི་ཚེས་ ༧ རེས་གཟའ་ཟླ་བའི་ཕྱེད་ཡོལ་དུ་བོད་མིའི་སྒྲིག་འཛུགས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་ཀྱིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སྲི་ཞུའི་ལས་བྱེད་སོགས་ལ་གསུང་བཤད་གནང་འདུག སྐབས་དེར་སྐུ་ཞབས་ཐོ་མ་སི་མན་Thomas Mannམཆོག་གིས་གསུང་དོན། ང་ཚོ་འདིར་བསླེབས་པ་འདིས་བོད་མི་ཚོར་རེ་བ་དང་ཡིད་ཆེས། གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཞིག་གཏོང་བཞིན་ཡོད། ཡུ་རོབ་གྲོས་ཚོགས་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་མགྲིན་ཚབ་པ་ཡིན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་ཐོག་བསླེབས་སྐབས་སྲིད་གཞུང་ཁག་གིས་རྒྱ་ནག་དང་ལྷན་ཚོང་འབྲེལ་དང་དཔལ་འབྱོར་གྱི་ཁེ་ཕན་ལ་བསམ་བློ་བཏང་ནས་ཁུ་སིམ་མེར་བཞུགས་ཀྱི་འདུག
ང་ཚོར་མཚོན་ན་འགྲོ་བ་མིའི་ཐོབ་ཐང་དེ་ཧ་ཅང་རྩ་བ་ཆེན་པོ་རེད། ལོ་ལྟར་ཡུ་རོབ་གྲོས་ཚོགས་ནང་རྒྱ་ནག་ཐོག་སྙན་ཐོ་འདོན་བཞིན་ཡོད། སྙན་ཐོ་མཐའ་མ་དེའི་ནང་ང་ཚོས་བོད་རང་སྐྱོང་ལྗོངས་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསལ་འདོན་ཞུས་ཡོད། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་འདི་ང་ཚོའི་མངོན་འདོད་ཡིན། ང་ཚོས་རྒྱ་ནག་གཞུང་གི་འཇིགས་སྐུལ་དྲག་སྤྱོད་པའི་ཁྲིམས་ཟེར་བ་དེའི་འོག་རྒྱ་མིའི་ཉེན་རྟོག་མི་སྣས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། ལྷག་པར་ཁྲིམས་དེའི་འོག་ནས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་ཚོར་ཡང་ཁྲིམས་འགལ་གྱི་ཉེས་འཛུགས་བྱེད་བཞིན་པ་དེར་ངོ་རྒོལ་བྱེད་བཞིན་ཡོད།
ཕྱི་ལོ་ ༢༠༡༦ ཟླ་ ༣ ནང་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་ང་རང་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་གི་འཐུས་མིའི་ངོ་བོའི་ཐོག་ནས་འདིར་བཅར་བ་ཡིན། སྐབས་དེར་ངས་བོད་མི་ཚོས་དོན་དམ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པ་མཐོང་སྐབས་སེམས་ནང་དགའ་ཚོར་ཧ་ཅང་སྐྱེས་བྱུང་། བོད་མི་ཚོས་སོ་སོའི་གཞུང་དེ་སོ་སོས་གདམ་ཆེད་འོས་བསྡུའི་ནང་འགན་ཁུར་ཆེན་པོས་ཆ་ཤེས་བླངས་སོང་། དེ་རྗེས་ང་རང་དྷ་སར་སྐྱོད་སྐབས་བོད་མི་ཚོས་མང་གཙོའི་ཐོབ་ཐང་དང་ལས་འགན་ཐོག་ཆ་ཤེས་བླང་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག ཅེས་སོགས་གསུངས།
དེ་རྗེས་སྐུ་ཞབས་ས་བྷ་སོ་གོར་ Csaba Sogor མཆོག་གིས་གསུང་བཤད་གནང་དོན། གོང་དུ་སྲིད་སྐྱོང་མཆོག་གིས་གསུང་པ་ལྟར་ང་རང་རོ་མེ་ནི་ཡའི་ནང་སྡོད་ Romania མཁན་ཧང་གྷ་རི་ Hungary མི་རིགས་ཡིན། དམག་ཆེན་དང་པོའི་རྗེས་ཧང་གྷེ་རི་རྒྱལ་ཁབ་དེ་དུམ་བུ་བརྒྱད་ལ་བཏང་བ་རེད། ང་ཚོ་ལོ་ངོ་སྟོང་གི་རིང་རང་ཡུལ་ Hungary ནང་གནས་ཡོད་བཞིན་དུ་ཉིན་གཅིག་གཉིད་ལས་ལྡང་སྐབས་རྒྱལ་ཁབ་གསར་པ་རོ་མེ་ནི་ཡ་ Romania ནང་བསླེབས་པ་ལྟ་བུ་ཆགས་སོང་། འོན་ཀྱང་རྒྱལ་ཁབ་གསར་པ་དེའི་མི་སེར་ཆགས་ཟིན་སྟབས་ང་ཚོས་རྒྱལ་ཞེན་མཐའ་གཅིག་ཏུ་འཛིན་ནས་བསྡད་པ་ཡོད། སྤྱིར་རོ་མེ་ནི་ཡ་ Romania སྲིད་གཞུང་དམར་ཤོག་རེད།
ང་ཚོས་རྒྱ་ནག་དང་ཕ་རན་སི་ནས་བློ་སྐྱེས་མང་པོ་བླངས་ཡོད། རྒྱལ་ཁབ་དེ་གཉིས་པོར་མཚོན་ན་གྲངས་ཉུང་མི་རིགས་ལ་དེ་ཙམ་དགའ་མོས་བྱེད་མཁན་ཞིག་མ་རེད། དེར་བརྟེན་ང་ཚོས་རོ་མེ་ནི་ཡ་རྒྱལ་ཡོངས་གྲོས་ཚོགས་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེད་མུ་མཐུད་འཐབ་རྩོད་བྱེད་བཞིན་ཡོད། ང་ལ་མཚོན་ན་རོ་མེ་ནི་ཡའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཐུས་མིར་འོས་འདེམས་ཐེངས་གཉིས་གནང་བྱུང་། ང་ཚོས་གཞུང་འཛིན་ཚོགས་པ་ཐེངས་འགའ་ཤས་བྱས་པ་ཡིན། ང་ཚོས་གང་ཐུབ་རྒྱལ་ཞེན་ཆེན་པོས་ལས་ཀ་བྱས་ཀྱང་རོ་མེ་ནི་ཡའི་མི་རིགས་ཚོས་ང་ཚོར་དེ་ཙམ་ཡིད་ཆེས་བྱེད་ཀྱི་མིན་འདུག
དེར་བརྟེན་ང་ཚོས་གཞུང་འཛིན་ཚོགས་པ་ནམ་བྱེད་སྐབས་ཁོར་ཡུག་དང་རིག་གཞུང་། འཕྲོད་བསྟེན་ལྟ་བུའི་ལས་ཁུངས་ཀྱི་འགན་སྤྲད་པ་མ་གཏོགས། རྒྱལ་ཁབ་ཀྱི་ནང་སྲིད་དང་ཕྱི་འབྲེལ། དཔལ་འབྱོར། བདེ་སྲུང་ལྟ་བུ་ལྷན་ཁང་དེ་དག་གི་འགན་དེ་དག་ང་ཚོ་ལྟ་བུ་ཧང་གྷ་རི་མི་རིགས་ཚོར་རྩ་བ་ནས་སྤྲད་ཀྱི་མི་འདུག འོན་ཀྱང་ང་ཚོས་ངོས་ནས་གང་ཐུབ་བྱས་པ་ཡིན། མཚམས་རེ་རོ་མེ་ནི་ཡ་རྒྱལ་ནང་གི་སྲིད་གཞུང་འཛིན་མཁན་དེ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་ངོ་རྒོལ་བྱེད་མཁན་བསླེབས་ཀྱི་ཡོད། སྐབས་དེར་ང་ཚོས་ཡུ་རོབ་གྲོས་ཚོགས་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་ཀྱི་འདུག
ཡུ་རོབ་གྲོས་ཚོགས་ཀྱི་གཞུང་འབྲེལ་རྒྱ་དྲའི་ཐོག་ཞིབ་འཇུག་གནང་བ་ཡིན་ན་ཧང་གྷེ་རིའི་མི་རིགས་ཡིན་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་མཇལ་ཐུབ། དེ་སྔ་ཧང་གྷེ་རིའི་Hungaryམངའ་ཁོངས་སུ་གཏོགས་པ་ད་ལྟ་རང་བཙན་རྒྱལ་ཁབ་ཡིན་པ་སི་ལོ་ཝ་ཀི་ཡ་ Slovakia ནས་ཧང་གྷེ་རི་ཡ་མི་རིགས་ཡིན་པའི་གྲོས་ཚོགས་འཐུས་མི་གཉིས་དང་། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་མེད་པའི་སར་བྷི་ཡ་ Serbia དང་ཡུག་རེན་ Ukraine རྒྱལ་ཁབ་གཉིས་ནས་ཧང་གྷེ་རི་མི་རིགས་ཡིན་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱང་ཡོད། ཧང་གྷེ་རི་རྒྱལ་ཁབ་དུམ་བུར་བགོས་སྟབས་ང་ཚོར་དེ་སྔ་དང་ད་ལྟའི་རྒྱལ་ཁབ་གསར་པ་གང་ཡིན་དེའི་མི་སེར་བཅས་མི་སེར་གཉིས་ཀྱི་ཐོབ་ཐང་ཡོད། དེར་བརྟེན་སར་བྷི་ཡ་ Serbia དང་ཡུག་རེན་ Ukraine རྒྱལ་ཁབ་གཉིས་ཀྱི་འཐུས་མི་ཁོང་གཉིས་པོ་ཡང་ཧང་གྷེ་རི་ཡའི་མི་སེར་ཐོག་ནས་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཐོ་གཞུང་ནང་བསླེབས་པ་དེ་འདྲ་རེད། དེ་བཞིན་རོ་མེ་ནི་ཡ་Romaniaནས་ཧང་གྷེ་རི་མི་རིགས་ཡིན་པའི་གྲོས་ཚོགས་འཐུས་མི་གཉིས་ཡོད།
ང་ཚོས་ཡུ་རོབ་སྤྱི་མཐུན་ཚོགས་པར་ཁོར་ཡུག་དང་སོ་ནམ། ཚོང་འབྲེལ་དང་དཔལ་འབྱོར་ཙམ་མིན་པར་གྲངས་ཉུང་མི་རིགས་སྲུང་སྐྱོབ་ཆེད་ཁྲིམས་གསར་པ་ཞིག་གཏན་འབེབས་ཐུབ་སླད་ང་ཚོས་རྒྱབ་སྐྱོར་བྱེད་བཞིན་ཡོད། འོན་ཀྱང་ང་ཚོའི་གནས་སྟངས་དེ་ཁྱེད་བོད་མི་ཚོ་དང་བསྡུར་ཐབས་མེད། ང་ཚོ་རང་གི་རྒྱལ་ཁབ་ནས་རྒྱལ་ཁབ་གཞན་ནང་བཙན་བྱོལ་དུ་ཕྱིན་པ་དེ་འདྲ་མིན། ང་ཚོ་ནི་སོ་སོ་རང་ཉིད་ཀྱི་རྒྱལ་ཁབ་ནང་བཙན་བྱོལ་བ་ལྟ་བུ་བྱས་ནས་ཡོད། དཔེར་ན་ང་རང་སྡོད་སའི་ས་ཁུལ་ནང་ལ་མཚོན་ན་མི་འབོར་བརྒྱ་ཆ་ ༨༦ ཧང་གྷེ་རི་ཡ་མི་རིགས་ཡིན། འོན་ཀྱང་ཉེན་རྟོག་མི་སྣ་དང་། བདེ་འཇགས་དམག་མི། གསང་བའི་ལས་བྱེད། མེ་གསོད་རུ་ཁག་སོགས་དེ་སྔ་དམར་ཤོག་རིང་ལུགས་སྐབས་ཀྱི་སྒྲོམ་གཞི་རང་འཇགས་ཡིན་སྟབས་ཁོང་ཚོ་ཚང་མ་རོ་མེ་ནི་ཡའི་ Romania མི་རིགས་ཡིན། ང་ཚོ་ཁོང་ཚོ་དང་མཉམ་དུ་འཚོ་གནས་བྱེད་དགོས་པར་བརྟེན་ལས་སླ་པོ་ཞིག་མིན་འདུག
དེ་སྔ་ང་རང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་སྐྱོད་སྐབས་འདི་འདྲ་བརྗོད་རྒྱུ་བྱུང་། ཨ་རིའི་ནང་མི་རིགས་ནག་པོ་ཞིག་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་རྒྱུར་ལོ་ ༢༥༠ འགོར་ཡོད་ཀྱང་རྒྱ་ནག་གིས་དུས་ཚོད་དེ་ཙམ་རིང་པོ་མ་འགོར་བའི་ཐོག་ནས་ཉིན་གཅིག་བོད་མི་ཞིག་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་གཞག་བྱ་རྒྱུ་ཡིན་པ་ངས་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་པ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།