ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨་་་་༢༠༡༩ ལོ་ནི་རྒྱ་གར་གྱིས་གཙོས་བོད་མི་གནས་ཡུལ་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་ཀུ་ལུ་མ་ན་ལི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་སྣེ་ཁྲིད་འོག་ས་གནས་མི་མང་ནས་ཀུ་ལ་ས་གནས་སུ་རམ་བྷག་ Rambagh Auditorium ཞེས་པའི་ཚོགས་ཁང་དུ་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་གནང་ཡོད།
སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་སཱ་ནི་ཤར་མ་ Shri.Sunny Sharma, Assistant Commissioner to DC, Kullu མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་བཞིན་ལ་ཧུལ་སི་པི་ཏི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ར་ཝི་ཐྲ་ཀུར་ Shri.Ravi Thakur མཆོག་དང་། སྐུ་ཞབས་ཤེར་སིངྒ་ Shri Sher Singh DSP,Manali མཆོག བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་སློབ་དཔོན་བཀྲ་ཤིས་དཔལ་འབྱོར་ལགས། དེ་མིན་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་མི་རྣམ་པ། ས་གནས་རྒྱ་གར་སློབ་གྲྭ་ཁག་གི་སློབ་སྤྱི་དང་འཛིན་སྐྱོང་ལས་བྱེད། རྒྱ་གར་གྲོང་གསེབ་ཁག་གི་འགོ་དཔོན་ Pradhan དང་ས་གནས་ཡུལ་མི་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་ཡོད།
ཐོག་མར་མ་ན་ལིར་རྟེན་གཞི་བྱས་པའི་མངའ་རིས་དགོན་པའི་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུང་འདོན་གནང་བ་དང་། དེ་ནས་སམ་བྷོ་ཊ་སློབ་གྲྭ་དང་། ཀུ་ལུ་ས་གནས་བོད་མི་རྣམས་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་ཡོད།
གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལོ་ཐོ་དང་སྟོད་ཐུང་བཅས་ཕུལ་གནང་བ་སྦྲགས་གསུང་བཤད་གནང་ཡོད་པ་བཅས། །