༢༠༡༨ ཟླ་ ༥ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཉེ་ལམ་༸སྐུའི་བླ་སྨན་པ་དང་ཕྱི་ལུགས་སྨན་པ་སོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་འཕྲོད་བཞེས་ལ་དགོངས་བཞེས་མཛད་ཐོག་ཕྱི་ནང་གི་མཛད་འཆར་ཁག་ཉུང་འཕྲི་མཛད་དགོས་སྐོར་སྙན་སེང་ཞུས་པར་བརྟེན། བར་ལམ་ནས་མགོན་པོ་གང་ཉིད་མཆོག་ཨ་རི་དང་ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཆར་མང་པོ་ཞིག་ཕྱིར་འཐེན་མཛད་ཡོད།
འོན་ཀྱང་ཆོས་ཞུ་བ་དང་ཆབ་སྲིད་མི་སྣ། གྲོས་ཚོགས་འཐུས་མི། བློན་ཆེན་ལས་ཟུར། གྲགས་ཅན་གྱི་ཚན་རིག་པ་དང་ཆོས་ལུགས་དབུ་ཁྲིད། རྩོམ་པ་པོས་གཙོས་སྒྱུ་རྩལ་མི་སྣ་གྲགས་ཅན། ཡུལ་སྐོར་སྤྲོ་འཆམ་པ། བླ་ཆེན་ཁག་དང་མཁན་བླ་དགེ་བཤེས། གློག་བརྙན་འཁྲབ་སྟོན་པ་དང་རྩེད་འགྲན་པ་གྲགས་ཅན། དེ་བཞིན་འབྱོར་ལྡན་མི་སྣ་སོགས་མདོར་ན་སྐྱེ་བོ་མཆོག་དམན་ཀུན་གྱིས་༸རྒྱལ་བའི་མཐོང་གྲོལ་གསེར་༸ཞལ་མཇལ་ཞུ་དང་། བཀའ་སློབ་གསུང་གི་བདུད་རྩི་སྤྱི་བོར་ནོད་ཕྱིར་སྐོམ་པ་ཆུ་འདོད་ཀྱི་དཔེ་ལྟར་ངལ་བ་ཁྱད་གསད་ཐོག་བསྟུད་མར་གཟིམ་ཆུང་མཇལ་ཁ་དང་གསུང་རར་བཅར་བཞིན་པའི་མུར། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༧ ཉིན་རྒྱ་གར་མཇལ་བཅར་བ་ཁག་གཅིག་ལ་མཇལ་ཁ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་འདུག རྒྱ་གར་འཕགས་ཡུལ་འདི་ཉིད་མི་རིགས་དང་སྐད་རིགས། ལྷག་པར་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་ལོ་ངོ་སྟོང་གི་རིང་ནས་འཚོ་སྡོད་བྱ་རྒྱུའི་ལམ་སྲོལ་བཟང་པོ་ཞིག་ཡོད་པ་དེར་མགོན་པོ་གང་ཉིད་ཀྱིས་དུས་རྟག་ཏུ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་རྒྱ་ཆེ་མཛད་བཞིན་ཡོད་སྐོར་བཀའ་སློབ་འདི་ལྟར་སྩལ་དོན།
འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་རྒྱ་གར་ནང་འཆམ་མཐུན་ངང་མཉམ་གནས་བྱེད་བཞིན་ཡོད། ཁ་སང་གསར་ཤོག་གཅིག་གི་ནང་དུ་འཁོད་པ་ལྟར་ན། རྒྱ་གར་པན་ཇབ་ Punjab མངའ་སྡེའི་ས་ཁུལ་ཞིག་ཏུ་སིག་ Sikh མི་འབོར་ ༤༠༠༠ ཡོད་པའི་ཁྲོད་ཧིན་དུ་ Hindu མི་འབོར་ ༤༠༠ དང་ཁ་ཆེའི་ Muslim མི་འབོར་ཡང་ ༤༠༠ ཙམ་ལས་མེད་སྟབས་གྲངས་འབོར་ཆ་ནས་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་ས་གནས་དེར་ཁ་ཆེའི་ལྷ་ཁང་གསར་པ་ཞིག་རྒྱག་སྐབས་ས་གནས་ཡུལ་མི་ཚོས་ཁ་ཆེ་མི་འབོར་ ༤༠༠ རྣམས་ལ་མཉམ་རུབ་ཐོག་ནས་ཁ་ཆེའི་ལྷ་ཁང་རྒྱག་རྒྱུར་རོགས་པ་བྱས་འདུག རྒྱ་གར་ཟེར་ན་ངོ་མ་འདི་འདྲ་ཞིག་ཡིན།
ལོ་ངོ་སྟོང་གི་རིང་ནས་རྒྱ་གར་ནང་དུ་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྲོལ་དར་ཡོད། འདི་ནི་རྒྱ་གར་འཕགས་པའི་ཡུལ་གྱི་འཕགས་ཆོས་ཤིག་ཀྱང་ཡིན། དུས་ད་ལྟའི་བར་དུའང་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྲོལ་རྒྱུན་ཆགས་སུ་གནས་ཡོད། འོན་ཀྱང་དེང་སྐབས་སྤྱི་ཚོགས་ནང་མ་འདང་བའི་ཆ་དེ་དེང་དུས་ཤེས་ཡོན་ལམ་ལུགས་ནང་བློའི་རྣམ་གཞག་དང་བྱེད་ལས། བློ་སྦྱོང་བརྒྱུད་བསམ་བློར་འགྱུར་བ་གཏོང་ཕྱོགས་བཅས་ལ་སློབ་གསོ་འདང་ངེས་ཤིག་མེད། སྨོན་ལམ་བརྒྱབ་པ་ཙམ་གྱིས་བློར་འགྱུར་བ་བཏང་ཟེར་བ་མི་སྲིད་པ་ཞིག་རེད། དེར་བརྟེན་བསམ་བློར་འགྱུར་བ་གཏོང་རྒྱུ་དེ་བློ་སྦྱོང་ཐོག་ནས་འགྱུར་བ་གཏང་ཐུབ། རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་བྱེད་ལས། སེམས་ཁམས་རིག་པའི་འགྲོ་སྟངས་དེ་དག་རྒྱ་གར་གྱི་ཐུན་མིན་ལེགས་བཤད་རེད་འདུག ཅེས་བཀའ་སློབ་སྩལ།