༢༠༡༨ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༡༡ ནས་ ༡༢ བར་ཆུ་ཚོད་གཅིག་ཙམ་རིང་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་གིས་སྣེ་ཁྲིད་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་༸རྒྱལ་བའི་ཕོ་བྲང་དུ་བཅར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ Csaba Sogor མཆོག་དང་།
གྲོས་ཚོགས་འཐུས་མི་སྐུ་ཞབས་ར་མོན་ཏྲི་མོ་ས་ Ramon Tremosa མཆོག་དང་ནང་མི། དེ་བཞིན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱང་ཆེད་བཅར་ཞུས་འདུག
དེ་ཡང་མཇལ་ཁ་གྲུབ་རྗེས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་གིས་གསུང་དོན། དེ་རིང་ཡུ་རོབ་ཉིན་མོ་འཁེལ་ཡོད་སྟབས་ཡུ་རོབ་མི་མང་ཚོས་ཡུ་རོབ་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད།
དེར་བརྟེན་དེ་རིང་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་བཅར་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་བྱུང་། མཇལ་བཅར་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེ་ཧ་ཅང་གལ་གནད་ཆེ་བའི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། ད་བར་སྒྲིག་འཛུགས་ཀྱི་གྲུབ་འབྲས་ལ་ཡི་རངས་བསྔགས་བརྗོད་རྒྱ་ཆེ་མཛད་སོང་།
དེ་ཡང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྤྱིར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་ལས་དོན་བྱེད་སྐབས་བསམ་ཚུལ་དང་འདོད་ཕྱོགས་མཐུན་མིན་ཕྲན་བུ་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན་ཡང་། གལ་གནད་ཆེ་ཤོས་ནི་བསམ་ཚུལ་མི་མཐུན་པ་དེ་དག་ཕན་ཚུན་གོ་བསྡུར་སྦྱང་བཤད་ཐོག་ནས་སེལ་ཐབས་བྱེད་བཞིན་པ་མ་ཟད། མཐར་མཐུན་སྒྲིལ་ངང་གྲོས་འཆམ་ཡོང་བཞིན་ཡོད་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད་འདུག་ ཅེས་བཀའ་སློབ་སྩལ་སོང་། ཞེས་ལུང་འདྲེན་ཞུས།
དེ་ཡང་ཁོང་གིས་མུ་མཐུད་གསུང་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་འདི་ལོའི་ཕྱི་ཟླ་ ༩ ནང་འཇར་མན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་སྐོར་བཀའ་བཞེས་བཟང་པོ་ཕེབས་སོང་། ངའི་སྐྱེས་ཡུལ་འཇར་མན་ནི་ཡིན་སྟབས་ཧ་ཅང་དགའ་ཚོར་བྱུང་། ཞེས་གསུངས།
སྤྱིར་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དུ་ཕྱི་ཚེས་ ༧ ཉིན་ཕེབས་མཚམས་ཐོག་མར་བཀའ་ཤག་ཏུ་ཕེབས་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་མཇལ་འཕྲད་གནང་རྗེས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུའི་ལས་བྱེད་སོགས་ལ་གསུང་བཤད་གནང་ཡོད་པ་བཅས།