ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་ཕི་ལ་ཌེལ་ཕི་མངའ་སྡེའི་ནང་ཡོད་པའི་བོད་རིགས་གཟའ་མཇུག་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༧ འཁོར་བའི་མཛད་སྒོར་ཆེད་ཕེབས་གནང་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། ཨ་རིའི་རྒྱལ་གླུ་བཏང་། དེ་ནས་བོད་དང་བོད་མིའི་རྩ་དོན་སླད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན། སློབ་གྲྭའི་སློབ་སྤྱིས་ཕེབས་བསུའི་གསུང་བཤད་གནང་།
སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་གཟའ་མཇུག་སློབ་གྲྭའི་ཕ་མའི་ཚོགས་ཆུང་དང་། དགེ་རྒན། ཕྲུ་གུ་བཅས་ལ་འཚམས་འདྲི་དང་འབྲེལ་རྗེད་མི་རུང་བ་གསུམ་སྟེ། རང་ཉིད་བོད་པ་ཡིན་པ་མ་རྗེད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་མ་རྗེད་པ། བོད་མིའི་སྒྲིག་འཛུགས་མ་རྗེད་པར་ཚང་མས་བོད་སྤྱི་པའི་དོན་དག་ལ་འཁུར་ཆེ་ཙམ་བཞེས་ནས་ཆིག་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།།