༢༠༡༨ ཟླ་ ༥ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༠ སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ་རྣམས་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྔ་ཕྱིའི་བྱུང་རིམ་དང་གྲུབ་འབྲས་སོགས་ཀྱི་སྐོར་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་དང་གཡས་གཡོན་ནས་མཇལ་ཁ་ཡོང་བའི་བོད་མི་གང་ཙམ་ཞིག་འདིར་སླེབ་ཡོད། དེ་བཞིན་དབུ་མའི་ལམ་གྱི་སྐོར་ལ་ཁྱེད་རང་ཚོ་ཚོགས་ཆེན་ཚོགས་པ་རེད། ཚོགས་མི་དེ་རིང་འདིར་ཐུག་རྒྱུ་དེ་ལྟར་རེད། དབུ་མའི་ལམ་ཟེར་རྒྱུ་འདི་ནི། ཐོག་མ་ངོས་ཀྱིས་གསར་གཏོད་བྱས་པའི་བཟོ་འདྲ་ཞིག་རེད། ངོས་ཀྱིས་འགྲེལ་བཤད་རྒྱག་དགོས་པའི་གནས་འགག་ཆགས་ཀྱི་འདུག
སྤྱིར་ལོ་རྒྱུས་བཤད་པ་ཡིན་ན། དཔེར་ན། ལྔ་བཅུ་ཐམ་པའི་ལོ་ཡིན་པ་ཡོད། ལྷ་ས་ནས་གྲོ་མོ་བར་བྲོས་ཕྱིན་པ་རེད། གྲོ་མོ་སླེབས་དུས་འབྲས་སྤྱི་བློན་ཆེན་ལ་ཕར་རྒྱབ་ཆུར་རྒྱབ་བྱས་ནས་ཧ་ཅང་ཐག་ཉེ་བོ་ཆགས་ཡོད། འབྲས་སྤྱི་བློན་ཆེན་དེའི་གོང་ནས་ལྷ་སར་ཡོང་གི་ཡོད། དེ་དུས་ཕལ་ཆེར་ཨ་པ་པནྟ་ Apa Pant ཟེར་མཁན་ཁོང་ཡིན་པ་ཡོད། ངོས་རང་གྲོ་མོར་འབྱོར་དུས་འབྲས་སྤྱི་བློན་ཆེན་ཡོང་གི་རེད་བསམ་པ་དྲན་བྱུང་། འོན་ཀྱང་འབྲས་སྤྱི་བློན་ཆེན་སླེབས་མ་བྱུང་། དེས་རྣམ་འགྱུར་གང་བཏོན་པ་རེད་བརྗོད་ན། རྒྱ་གར་གཞུང་གིས་ཕྲན་བུ་དོགས་ཟོན་གནང་གི་ཡོད་པ་དེ་ཧ་ཅང་གསལ་པོ་རེད།
དེ་ནས་ཕྱི་ལོ་ ༡༩༥༤ ལོར་ངོས་རང་རྒྱ་ནག་པེ་ཅིང་དུ་སླེབས་སྐབས་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནེ་རུ་རྒྱ་ནག་གཞུང་གི་དམིགས་བསལ་སྐུ་མགྲོན་དུ་ཕེབས་འདུག ངོས་ཀྱིས་ནེ་རུ་ཐོག་མར་པེ་ཅིང་དུ་མཇལ་བ་རེད། ཕྱི་ལོ་ ༡༩༥༦ ལོར་སངས་རྒྱས་མྱ་ངན་ལས་འདས་པའི་དུས་དྲན་སྐབས་ངོས་རང་རྒྱ་གར་དུ་སླེབས་ནས་ནེ་རུ་དང་མཉམ་དུ་ཐེངས་མང་པོ་མཇལ་འཕྲད་བྱས་ཏེ་བཀའ་མོལ་ཧ་ཅང་ཞུས་པ་རེད། སྐབས་དེར་ངོས་ཀྱི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང་རྒྱལ་ལོ་དོན་གྲུབ། དེ་དུས་དེར་ཡོད་པའི་ཞྭ་སྒབ་པ། མཁན་ཆུང་དེའི་མིང་དྲན་གྱི་མི་འདུག གང་ལྟར་གཅེན་མཁན་རྩིས་གསུམ་ཞེས་གཅེན་པོ་རྒྱལ་ལོ་དོན་གྲུབ། མཁན་ཆུང་བློ་བཟང་རྒྱལ་མཚན་ཡིན་པ་ཡོད། རྩིས་དཔོན་ཞྭ་སྒབ་པ་བཅས་ཁོང་ཚོས་རྒྱ་གར་ལ་བསྡད་ན་ཡག་གི་རེད། ཅེས་མཐའ་གཅིག་ཏུ་ངོས་ལ་ཨུ་ཚུགས་བསྐྱོན་པ་རེད།
ཕྱི་ལོ་ ༡༩༥༦ ལོའི་ལོ་མགོ་ནས་ལི་ཐང་ཁུལ་ནས་ཟང་ཟིང་བྱུང་ནས་བོད་ནང་དྲག་གནོན་བྱ་རྒྱུ་འགོ་བཙུགས་ཟིན་པ་རེད། ངོས་རང་རྒྱ་གར་ནང་ཡོད་པའི་སྐབས་དེར་གཡུ་ཐོག་གསང་བ་ཆེན་པོ་དང་། ཕལ་ཆེར་མགྲོན་གཉེར་ཆེན་མོ་ཡིན་པ་ཡོད། གང་ལྟར་ལྷ་ས་ནས་ངོས་རང་གདན་ཞུའི་ཆེད་ཡོང་བ་རེད། ཕྱི་ཚུལ་དུ་གདན་ཞུ་ཡིན་ཡང་ནང་དོན་དུ་བོད་ལ་མ་ཡོང་རོགས་ཞེས་ཟེར་གྱི་འདུག འདི་གདན་ཞུ་རེད་དམ་གང་རེད། ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན།
བོད་ནང་གནས་ཚུལ་ཡག་པོ་ཁྱོན་ནས་མི་འདུག རྒྱ་གར་ལ་བཞུགས་ན་ཡག་གི་རེད། བོད་ལ་ཆིབས་སྒྱུར་གནང་བ་ཡིན་ན། ཟང་ངི་ཟིང་ངི་སྡུག་ཏུ་འགྲོ་གི་འདུག རྒྱ་མིས་མཐའ་གཅིག་ཏུ་དྲག་གནོན་བྱས་ཏེ་ཁྱོན་ནས་ཡག་པོ་མི་འདུག ཅེས་ནང་དོན་ཁོ་རང་ཚོ་གསུམ་པོས་བོད་ནང་མ་ཡོང་རོགས་ཞེས་གསུང་གི་འདུག དེ་ལྟར་ནེ་རུ་ལ་བོད་ནང་ལོག་གི་མིན། བོད་ནང་གནས་ཚུལ་འདི་ལྟར་འདུག་ཅེས་ཞིབ་ཕྲ་ཞུས་ཏེ་རྒྱ་གར་ནང་བསྡད་ནས་བོད་ཀྱི་ཐོབ་ཐང་རྩོད་རྒྱུ་མ་གཏོགས་བོད་ལ་ཕར་ལོག་ནས་ཡོང་རྒྱུ་གང་ཡང་མི་འདུག ཅེས་ནེ་རུ་ལ་ཐེངས་མང་པོ་ཞུས་པ་རེད།
ནེ་རུས་རྒྱ་གར་ལ་བསྡད་ནས་བོད་ཀྱི་བདེན་མཐའ་སྒྲུབ་རྒྱུ་ནི་ཧ་ཅང་ཁག་པོ་རེད། བོད་ལ་ཕར་ལོག་ན་ཡག་གི་རེད། ཅེས་ནེ་རུ་རང་གི་དམིགས་བསལ་ཐུགས་ཁུར་བཞེས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཡིག་ཆ་ངོ་བཤུས་ཤིག་ཁོང་གི་ཕྱག་ཏུ་བསྣམས་ཏེ་ཆེད་མངགས་ངོས་ཀྱི་སར་ཚུར་ཕེབས་བྱུང་།སྐབས་དེར་ངོས་རང་ལྡི་ལི་ Hyderbad House ནང་བསྡད་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་ཁ་ཤས་ལ་རྟགས་བསྐྱོན་ནས་དོན་ཚན་འདིའི་ཐོག་ནས་བོད་རང་གི་ནང་ནས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་རྒྱུའི་ཐབས་ཤེས་བྱེད་པ་ཡིན་ན་རེ་བ་ཡོད་པ་རེད། རྒྱ་གར་ནང་བསྡད་ནས་རྒྱ་མིར་ངོ་རྒོལ་ལྟ་བུ་བྱས་ནས་བསྡད་པ་ཡིན་ན་དོན་དག་ཡོང་གི་མ་རེད། ཅེས་ནེ་རུས་སྐབས་དེ་དུས་མཐའ་གཅིག་ཏུ་བོད་ལ་ཕར་ལོག་ན་ཡག་གི་རེད་ཅེས་གསུང་སོང་།
ངོས་ཀྱིས་རྟགས་དཔྱད་དེ་འདྲང་བྱས་པ་ཡིན། མཐར་ཕྱི་ལོ་ ༡༩༥༧ ལོར་བོད་དུ་ལོག་པ་རེད། ཕྱི་ལོ་ ༡༩༥༦ ལོར་ཁམས་ཁུལ་ནས་ཟང་ངི་ཟིང་ངི་བྱུང་བ་དེ་ཕྱི་ལོ་ ༡༩༥༧ ལོར་མདོ་སྨད་ཁུལ་དུ་ཤུགས་ཆེ་རུ་ཕྱིན་པ་རེད། ཕར་ལོག་ནས་གང་གོ་ཆོད་པ་རེད་ཅེ་ན། གྲྭ་སྐོར་འཇོག་རྒྱུ་བྱུང་བ་རེད། ཕར་སླེབས་པ་དང་མགྲོན་གཉེར་ཆེན་མོ་སྦུམ་ཐང་གིས་ད་ཆ་གྲྭ་སྐོར་ལྷ་རམས་པའི་དམ་བཅའ་བཞེས་རྒྱུ་འདི་གང་མགྱོགས་གནང་ཐུབ་ན་ཡག་པོ་འདུག ཅེས་རེ་འདུན་བཏོན་པ་ངོས་ཀྱི་དྲན་གྱི་འདུག དེ་ལྟར་ཕྱི་ལོ་ ༡༩༥༨ ལོར་སེ་འབྲས་ཚོར་གྲྭ་སྐོར་འགྲོ་རྒྱུ་བྱས། ཕྱི་ལོ་ ༡༩༥༩ ལོའི་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་བྱེད་རྒྱུ་དེ་དག་དེ་ལྟར་གཏན་འཁེལ་བ་དེ་ཧ་ཅང་ཡག་པོ་བྱུང་འདུག དེང་སྐབས་ངོས་རང་ལྷ་རམས་པ་ཡིན་ཞེས་ཤོད་ཀྱི་ཡོད། གང་ལྟར་ངོས་ཀྱི་མི་ཚེ་གཅིག་གི་དོན་དག་གལ་ཆེ་བ་ཞིག་ཆགས་ཡོད།
ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་འཇོག་པའི་སྐབས་རྒྱ་མིས་མེ་མདའ་བརྒྱག་མི་ཡོང་ངམ་ཞེས་དེ་འདྲའི་ཞེད་སྣང་བྱས་ནས་བོད་དམག་ཁ་ཤས་དེའི་ཁ་གཏད་ལ་མེ་མདའ་བཙུགས་ནས་དེ་ལྟར་ཛ་དྲག་འོག་གྲྭ་སྐོར་དམ་བཅའ་བཞག་པ་རེད། ཟླ་བ་དང་པོའི་སྨོན་ལམ་རྗེས་རིང་པོར་མ་ཐོགས་པར་ཟླ་བ་གསུམ་པའི་ཚེས་བཅུའི་གནས་ཚུལ་བྱུང་བ་རེད།
དེ་ལྟར་ཕྱི་ཚེས་ ༡༡ ནས་ ༡༧ བར་ཉི་མ་ཁ་ཤས་རིང་ཐབས་ཤེས་གང་ཡོང་བྱས་པ་ཡིན། མི་མང་དཔུང་བསྒྲིགས་ནས་ནོར་བུ་གླིང་ཁར་བསྡད་ན་ཡག་པོ་ཡོད་མ་རེད། ཁྱེད་ཚོ་མི་མང་གི་འཐུས་མི་ཉུང་ཤས་བསྡད་པ་ཡིན་ན་འགྲིག་གི་རེད། མི་མང་ཕོན་ཆེན་པོ་དེ་ལྟར་བསྡད་ན་ཟང་ཟིང་ཡོང་རྒྱུའི་ཉེན་ཁ་ཡོད་པ་རེད། དེ་ལྟར་མ་བྱས་ན་ཞེས་བརྗོད་ཀྱང་རྩ་བ་ནས་ཉན་མ་སོང་། སེམས་ཤུགས་སྒྲིལ་ནས་ཧ་ཅང་སེམས་ཐག་བཅད་ནས་བསྡད་འདུག
ཚུར་ཕྱོགས་སུ་སྐབས་དེར་བཀའ་ཤག་ལ་མཚོན་ན་ཤ་ཟུར་རེད། ཟུར་ཁང་གསང་བ་ཆེན་མོ་ཁོང་རྣམས་ཆེད་མངགས་ཐེན་ཀུན་སེན་ Tan Guan Sanདང་ཁོང་ཚོས་གྲས་ལ་འགྲེལ་བཤད་བརྒྱབ་པ་རེད། སྐབས་དེ་དུས་ཐེན་ཀུན་གྱིས་བཟོད་པ་ལ་མཐའ་ཡོད། ཅེས་ཚིག་འདི་ལབ་པ་རེད། དྲག་གནོན་བྱ་རྒྱུའི་རྣམ་འགྱུར་ཞིག་སྟོན་གྱི་ཡོད། ནོར་བུ་གླིང་ག་ནས་ངོས་ཀྱིས་ང་ཕོད་བརྒྱུད་ནས་ཐེན་ཀོན་དང་འབྲེལ་བ་བྱས་པ་ཡིན། ཕར་ཡི་གེ་ཞིག་ཀྱང་བྲིས་པ་རེད། ཚུར་ཡིག་ལན་དེ་དག་ང་ཕོད་བརྒྱུད་ནས་བྱས་པ་རེད། ཕྱི་ཚེས་བཅོ་ལྔའམ་བཅུ་དྲུག་ཡིན་པ་ཡོད། ཡི་གེ་མཐའ་མ་དེའི་ནང་ནོར་བུ་གླིང་གར་སྐུ་མདུན་བཞུགས་ས་དེར་རྟགས་གཅིག་བརྒྱབ་ནས་ཡར་སྤྲོད་རོགས། དེར་ཉམས་ཆག་མ་ཡོང་བ་བྱ་རྒྱུ་ཡིན། ཞེས་སྐད་ཆ་དེར་གོ་བ་གང་འདྲ་ལེན་ནའང་ཆོག་པ་ཞིག་རེད། ངོས་ཀྱི་སྡོད་ས་དེར་རྟགས་རྒྱབ་ནས་སྐྱོབ་ཡག་ཡིན་དང་། དེར་རྟགས་བརྒྱབ་ནས་ཆེད་མངགས་གཏོར་ཡག་ཡིན་མིན་ཚོད་ཐིགས་ཁག་པོ་རེད་འདུག
གང་ལྟར་ནོར་བུ་གླིང་གར་མེ་སྒྱོགས་རྒྱག་རྒྱུ་འགོ་བཙུགས་ནས་ངོས་རང་སྡོད་སའི་གཟིམ་ཆུང་ཐོག་སྒང་ལ་རྒྱ་མིའི་མདེའུ་འགའ་ཤས་བབ་འདུག འོན་ཀྱང་གས་འཐོར་བྱུང་མེད། སྐབས་དེར་ཡོད་པའི་ནོར་བུ་གླིང་གའི་སྐོར་སྲུང་རྙིང་པ་ཞིག་ཡོད། ཁོས་ཟེར་བྱུང་། གང་ལྟར་གནས་ཚུལ་ཛ་དྲག་པོའི་སྒང་ལ་སླེབས་ཡོད།
ནོར་བུ་གླིང་ག་ནས་སྐད་ཆ་གོ་ཐོས་བྱུང་བ་ལྟར་མ། ནུབ་རེ་བཞིན་དུ་མཚོ་བོད་རླངས་འཁོར་འགྲོ་ལམ་བརྒྱུད་ནས་དགོང་མོ་རེ་བཞིན་རླངས་འཁོར་ཧ་ཅང་མང་པོ་འགྲོ་གི་ཡོད་པ་དང་། རླངས་འཁོར་དེ་དག་ནང་དམག་མི་དང་མེ་སྒྱོགས་འོར་འདྲེན་བྱེད་ཀྱིས་ཡོད་པ་ང་ཚོས་དོ་སྣང་བྱུང་། དེ་དང་ཆབས་ཅིག་ཚེས་ ༡༥ འམ་ ༡༦ ཉིན་ཡིན་པ་ཡོད། རྩེ་ཕོ་བྲང་ནས་མར་བལྟ་སྐབས་གྲིབ་ལ་ནམ་རྒྱུན་མེ་སྒྱོག་དམག་སྒར་ཞིག་ཡོད། ནམ་རྒྱུན་མེ་སྒྱོགས་རྣམས་ཁེབས་གཡོག་ནས་ཡོད་ཀྱང་ དེ་དུས་མེ་སྒྱོགས་རྣམས་ཀྱི་ཁེབས་སེལ་ཡོད་འདུག དེར་དོགས་པ་ཟ་དགོས་པ་ཞིག་རེད། ཕལ་ཆེར་ཚེས་ ༡༧ ཉིན་གྱི་ཞོགས་པར་ནོར་བུ་གླིང་གའི་བྱང་ཕྱོགས་ལ་རྒྱ་མི་གནམ་བླུགས་མདེའུ་བབ་པ་རེད། ད་ཡག་པོ་རྩ་བ་ནས་མིན་འདུག དེ་ཉིན་མོར་ནོར་བུ་གླིང་ག་ནས་བྲོས་རྒྱུ་ཐག་བཅད་པ་རེད། ཕྱི་ཚེས་ ༡༧ ཉིན་གྱི་དགོང་མོར་ལྷ་སའི་ཆུ་ཚོད་ ༡༠ ཐོག་བྲོས་ཡོང་བ་ཡིན། དེ་ནས་རིམ་པར་རྒྱ་གར་ས་མཚམས་སུ་འབྱོར་སྐབས་རྒྱ་གར་གཞུང་གིས་བཏང་ཡོང་དང་མི་ཡོང་ཞེས་དོགས་པ་བྱུང་། གཞུང་ཞབས་ཁ་ཤས་ཤིག་རྒྱ་གར་གི་ས་མཚམས་སུ་བཏང་ཡོད་པ་དང་གཞུང་ཞབས་ཁ་ཤས་འབྲུག་གི་ས་མཚམས་སུ་བཏང་ཡོད། གལ་ཏེ་རྒྱ་གར་ས་མཚམས་ནས་མ་བཏང་བ་ཡིན་ན་འབྲུག་ནང་མ་འཛུལ་རང་འཛུལ་རེད། ཕྱིས་སུ་རྒྱ་གར་ས་མཚམས་སུ་ཕྱིན་པའི་གཞུང་ཞབས་ཚོའི་ལན་འབྱོར་གསལ་ལྟར་ན་རྒྱ་གར་གཞུང་གིས་ང་ཚོར་དགའ་བསུའི་སྣེ་ལེན་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་རེད་འདུག ཅེས་ལན་འབྱོར་བྱུང་། དེ་ནས་མཚོ་ན་ནས་ཆུ་དང་མ་ཞེས་པའི་ས་གནས་སུ་ཤར་བསྐྱོད་བྱས་ནས་རྒྱ་གར་ས་མཚམས་སུ་འབྱོར་བ་རེད།
ས་མཚམས་སུ་སླེབས་སྐབས་སྐུ་ཞབས་མེ་ནོན་ Menon ཁོང་སླེབས་འདུག དེ་སྔོན་ལྷ་སར་བདེ་སྐྱིད་གླིང་གར་ཚོང་དོན་སྐུ་ཚབ་བྱས་ནས་བསྡད་པ་རེད། ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་ཡོང་སྐབས་སྣེ་ཤན་དང་སྐད་སྒྱུར་བ་ཡ་བ་བསོད་ནམས་སྟོབས་རྒྱལ་དང་། དེ་བཞིན་ཨ་སྐྲུག་བྷ་པུ་བཅས་སླེབས་འདུག ཁོང་ཚོའི་གདོང་པ་མཐོང་བ་དང་གྲོགས་པོ་རྙིང་པ་ཡིན་སྟབས་སྐྱིད་སྣང་ཧ་ཅང་བྱུང་། ཉེན་ཁ་ལས་གྲོལ་བ་རེད། དེ་འདྲ་བྱས་ནས་རྒྱ་གར་ནང་ཐོག་མར་འབྱོར་བ་རེད།
དེ་སྔ་ ༡༩༥༡ ལོར་འཛམ་གླིང་རྒྱལ་ཚོགས་ལ་བོད་ཀྱི་གནས་ཚུལ་ཞུས་པ་རེད། ༡༩༥༩ རྒྱ་གར་ནང་འབྱོར་ནས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུ་ཐག་བཅད་པ་རེད།
རྒྱལ་ལོ་དོན་གྲུབ་དང་ཞྭ་སྒབ་པ་གཉིས་ཀྱི་སྐུ་ཚབ་བྱས་ནས་འཛམ་གླིང་རྒྱལ་ཚོགས་ལ་ཞུས་ཡོད། སྔ་རྗེས་གཉིས་བྱས་ནས་འཛམ་གླིང་རྒྱལ་ཚོགས་ནང་ཁྱོན་གྲོས་ཆོད་ཐེངས་གསུམ་བཞག་པ་རེད། གྲོས་ཆོད་ཐེངས་གཉིས་པ་དེར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་ Including self determination བཀོད་ཡོད།
སྐབས་དེ་དུས་ཨིན་ཡིག་ཐོག་རོགས་བྱེད་མཁན་ Das ཁོང་རྒྱ་གར་གྱི་ཁྲིམས་དཔོན་ཞིག་རེད། ཁོང་སྐབས་དེར་ནིའུ་ཡོག་ཏུ་ཕྱིན་པ་རེད། ཟིན་བྲིས་ལ་སོགས་ཁོང་རང་གིས་བཟོས་གནང་ཡོད། གྲོས་ཆོད་སུ་རང་ཐག་རང་གཅོད་ཟེར་བ་ཞིག་འཁོད་ཐུབ་སོང་། རྒྱལ་ཚོགས་ནས་དོ་སྣང་བྱེད། གྲོས་ཆོད་དེའི་ནང་རང་ཐག་རང་གཅོད་ཟེར་བའི་ཚིག་དེ་འཁོད་ཐུབ་བྱུང་། ཞེས་རྒྱལ་ལོ་དོན་གྲུབ་དང་ཞྭ་སྒབ་པ་རྣམ་གཉིས་དགའ་སྣང་ཧ་ཅང་བྱེད་ཀྱི་འདུག རྒྱལ་ཚོགས་ནས་དོ་སྣང་བྱས། གྲོས་ཆོད་བཞག དེ་འདྲ་བྱས་པ་རེད། འོན་ཀྱང་དེས་བོད་ནང་དུ་ཤུགས་རྐྱེན་གང་ཡང་ཐེབས་མེད།
རྒྱ་གར་གཞུང་གིས་མཚོན་པའི་གཞུང་ཁག་ཚོས་དམིགས་བསལ་གྱི་བྱེད་མཁན་སུ་གཅིག་ཀྱང་མི་འདུག དེའི་ཡས་མས་དུས་སྐབས་ཤིག་ནེ་རུ་ Nehru མཇལ་ནས་ང་ཚོས་རྒྱལ་ཚོགས་ལ་བོད་དོན་ཞུ་གི་ཡོད། བྱུང་ན་རྒྱ་གར་གཞུང་གིས་རྒྱབ་སྐྱོར་གནང་རོགས་གནང་། ཞུ་བརྒྱུད་གནང་རོགས། དེ་ལྟར་མ་བྱུང་ནའང་རྒྱབ་སྐྱོར་གནང་རོགས་གནང་ཞུ་སྐབས། རྒྱ་གར་གཞུང་གིས་ཞུ་བརྒྱུད་ཡོང་རྒྱུ་མ་རེད། ཅེས་གསུང་གི་འདུག
ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༠ ཡིན་ནམ་ ༢༡།༢༢ སྐབས་དེར་ངོས་རང་མ་སུ་རིར་འབྱོར་བ་རེད། དེ་ནས་ཕྱི་ཚེས་ ༢༤ ལ་ནེ་རུ་ཕེབས་འབྱུང་། སྐབས་དེར་ཁོང་མ་སུ་རིར་ཕེབས་དགོས་པའི་མཛད་འཆར་གཞན་ཕལ་ཆེར་ཡོད་ས་རེད། གཙོ་བོ་ངོས་རང་ཐུག་ཏུ་ཕེབས་པ་རེད། ༡༩༥༩ ཟླ་ ༤ ཚེས་ ༢༤ ཕལ་ཆེར་ཡིན་པ་ཡོད། ངོས་ཀྱིས་ཧ་ཅང་གསལ་པོ་དྲན་གྱི་འདུག སྐབས་དེར་ངོས་ཀྱིས་ནེ་རུ་ལ། “ཕྱི་ལོ་ ༡༩༥༧ ལོར་ངོས་ཀྱིས་ཁྱེད་རང་ཞུས་པ་ཡིན། ངོས་རང་རྒྱ་གར་ནང་བསྡད་ནས་འབད་བརྩོན་བྱས་ན་མ་གཏོགས་བོད་དུ་ཕྱིར་ལོག་བྱས་ན་བྱ་རྒྱུ་གང་ཡང་མི་འདུག ངོས་ཀྱིས་༡༩༥༧།༡༩༥༨ ལོར་བོད་ནང་འབད་བརྩོན་གང་ཡོང་བྱས་པ་ཡིན། རྒྱ་མིའི་རྣམ་འགྱུར་སྡུག་ཏུ་སྡུག་ཏུ་དང་། རྩུབ་ཏུ་རྩུབ་ཏུ་མ་གཏོགས་གང་ཡང་མི་འདུག མཐའ་མ་གནས་ཚུལ་འདི་འདྲ་ཞིག་ཆགས་སོང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༠ ཉིན་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱ་འགོ་བཙུགས་ནས་མི་གསོད་ཁྲག་སྦྱོར་ཧ་ཅང་བྱུང་སོང་། དེ་དག་མཚམས་འཇོག་ཡོང་བ་ཞིག་གནང་རོགས་གནང་ ” ཞེས་ཞུས་པ་ཡིན།
དེ་དང་ཆབས་ཅིག་བཀའ་མོལ་ཞོར་འཕྲོས་ལ་རྒྱ་མིའི་གསར་འགྱུར་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་གཞུང་མེད་པ་བཟོས་པ་ཡིན། ཞེས་གསལ་བསྒྲགས་བྱས་པ་རེད། གསལ་བསྒྲགས་འདི་གསར་འགྱུར་ནང་གོ་བ་རེད། བོད་གཞུང་ལྷ་སར་ཡོད་པ་དེ་རྒྱ་མིས་མེད་པ་བཟོས་ཟིན་པ་ཡིན། ཞེས་བརྗོད་ཟིན་སྟབས། གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་བོད་གཞུང་བསྐྱར་གསོ་བྱས་ནས་དེར་གསལ་བསྒྲགས་བྱས་པ་རེད། གསལ་བསྒྲགས་ཀྱི་ཡིག་ཆ་དེ་ཟུར་ཁང་གསང་བ་ཆེན་མོས་མར་བཀླགས། གཡུལ་རྒྱལ་ལྷུན་རྩེ་རྫོང་ལ་སྐས་འཛེགས་གསུམ་ཅན་ཞིག་འདུག དེའི་སྟེང་ནས་ཟུར་ཁང་གསང་བ་ཆེན་མོས་མར་གསལ་བསྒྲགས་བྱས་པ་རེད། ངོས་ཀྱི་ལོ་རྒྱུས་ཀྱི་ཞོར་འཕྲོས་བྱས་ནས་ནེ་རུར་སྐབས་དེར་ཞུ་སྐབས་ནེ་རུས་ “བོད་གཞུང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད་” ཅེས་བརྗོད་བྱུང་།
ངོས་ཀྱིས་བོད་ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཧ་ཅང་ཐབས་སྐྱོ་པོ་འདུག འདི་མཚམས་འཇོག་གནང་བ་གནང་རོགས་ཞེས་དོན་ཚན་གཅིག་འདི་ཞུས་པ་རེད། སྐད་ཆ་ཞོར་འཕྲོས་བྱས་ནས་ང་ཚོས་ལྷུན་རྩེ་རྫོང་དུ་བོད་གཞུང་བཙུགས་པ་ཡིན་ཞེས་ཞུ་སྐབས་ནེ་རུས་ Nehru “ག་རེ་ཟེར་གྱི་ཡོད།” ཅེས་སྐུ་རླུང་ཚུབ་ཚུབ་བྱས་ནས་འབོལ་གདན་ཐོག་ཁུ་ཚུར་སྣུན་ནས་ “ཕྱོགས་གཅིག་ནས་མི་གསོད་ཁྲག་སྦྱོར་མཚམས་འཇོག་དགོས་ཟེར་གྱི་ཡོད། ཕྱོགས་གཞན་ཞིག་ནས་རྒྱ་མིར་སྙད་རྐོ་བ་ཡིན་ན་གང་འདྲ་ཡོང་གི་རེད་” ཅེས་ནེ་རུ་ཟེར་བྱུང་། རྒྱ་གར་གཞུང་ནས་རྒྱལ་ཚོགས་ལ་ཞུ་བརྒྱུད་གནང་རོགས་གནང་ཞེས་ཞུས་སྐབས་ “ཞུ་བརྒྱུད་ཡོང་ཐབས་མེད་” གསུང་བྱུང་། འོ་ན་རྒྱབ་སྐྱོར་གནང་རོགས་ཞུས་སྐབས་ཕྱིས་སུ་རྒྱབ་སྐྱོར་གནང་བ་རེད། ནེ་རུས་ངོས་ལ་འདི་ལྟར་གསུང་མྱོང་། “བོད་ནས་རྒྱ་མི་དབང་སྒྱུར་བྱེད་མཁན་མཐར་སྐྲོད་གཏོང་ཆེད་ཨ་མི་རི་ཀས་རྒྱ་མིར་དམག་རྒྱག་གི་མ་རེད།” ཅེས་ནེ་རུས་ངོས་ལ་གསུང་མྱོང་། འདི་བདེན་པ་རེད།
དངོས་ཡོད་གནས་ཚུལ་ཆགས་ཡོད། འདི་ལྟར་ཕྱི་ལོ་ ༡༩༥༩ ནས་ ༡༩༦༢ བར་འཛམ་གླིང་རྒྱལ་ཚོགས་ལ་ཞུ་གཏུག་བྱ་རྒྱུའི་ཐབས་ཤེས་ཧ་ཅང་བྱས་པ་རེད། འོན་ཀྱང་སྒྲུབ་རྒྱུ་མེད་པ་ཆགས་སོང་། མཐར་ནེ་རུ་ Nehru རང་གིས་རྒྱལ་ཚོགས་ལ་ཞུ་ན་ཕན་ཐོགས་ཀྱི་མ་རེད། རྒྱ་མི་རང་དང་མཉམ་དུ་སྐད་ཆ་བཤད་དགོས་ཀྱི་རེད། ཅེས་ཕྱི་ལོ་ ༡༩༥༦ ལོར་ངོས་ལ་གསུང་པ་མ་ཟད། ཕྱི་ལོ་ ༡༩༥༩།༡༩༦༠ ལོར་ནེ་རུས་དེ་མཚུངས་གསུང་གི་འདུག
ངོས་ཀྱིས་འཛམ་གླིང་རྒྱལ་ཚོགས་ལ་ཞུས་ནས་ལམ་སེང་དོན་དག་སོན་པའི་རེ་བ་གང་ཡང་རྒྱག་གི་མེད། འཛམ་གླིང་འདིའི་སྟེང་བོད་དོན་མ་བརླག་པ་དང་མ་ཡལ་བའི་དོན་དུ་ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་གི་ཡོད། ཅེས་ནེ་རུ་ Nehru ལ་ཞུས་པ་ཡིན།
དེ་ནས་ང་ཚོའི་སློབ་གྲྭ་རྒྱ་གར་ནང་འཛུགས་རོགས་གནང་། ཞེས་ངོས་ཀྱིས་ནེ་རུ་ལ་ཞུས་པ་ཡིན། ནེ་རུས་ Nehru ཧ་ཅང་ཐུགས་ཁུར་བཞེས་བྱུང་། ནེ་རུས་ཤེས་ཡོན་ཚོགས་ཆུང་ Education Society བཙུགས་ནས་ནེ་རུ་རང་གི་འཆར་གཞི་བསྒྲིགས་པ་རེད། སྐབས་དེའི་རྒྱ་གར་ཤེས་རིག་བློན་ཆེན་ Shri Mali ཟེར་བ་ཁོང་རེད། ཉིན་གུང་ཞལ་ལག་སྐབས་ནེ་རུས་ Shri Mali སྐད་བཏང་ནས་ཁྱེད་རང་ ཚོགས་གཙོ་ Chairman བྱེད་དགོས་ཞེས་ཐུགས་ཁུར་ཧ་ཅང་གནང་སོང་། སློབ་གྲྭ་འཛུགས་རྒྱུའི་དུས་ཚོད་སྐབས་དེར་ནེ་རུས་བོད་དོན་མ་བརླག་པ་དང་རྒྱུན་མཐུད་ནས་གནས་ཐུབ་རྒྱུ་ནི་ཤེས་ཡོན་ལ་རག་ལུས་པ་རེད། བོད་མི་གཞོན་སྐྱེས་རྒྱ་གར་ནང་སླེབས་པ་དེ་དག་ལ་སློབ་སྦྱོང་སྤྲོད་དགོས། བོད་དོན་མ་ཡལ་བ་དང་མ་བརླག་པའི་ཐབས་ཤེས་གཙོ་བོ་ནི་ཤེས་ཡོན་ལ་ཐུག་ཡོད། ཅེས་ནེ་རུས་ Nehru འདི་ལྟར་གསུང་སོང་། དངོས་གནས་རེད། དེ་བཞིན་རྒྱ་གར་གཞུང་གིས་ཁུར་བཞེས་ནས་ཤེས་ཡོན་ཚོགས་ཆུང་ Education Society བཙུགས་པའི་ཁོངས་ནས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་པ་དེ་གཙོ་བོ་ནེ་རུ་ Nehru རང་གིས་ཐུགས་ཁུར་བཞེས་པ་རེད། འགྲོ་སོང་ཡོངས་རྫོགས་རྒྱ་གར་གཞུང་གིས་བཏང་བ་རེད།
རྒྱལ་ཚོགས་ལ་ཞུས་ནས་གང་ཡང་ཡོང་རྒྱུ་མེད་པ་ཆགས་ཡོང་སྐབས་ཕྱི་ལོ་ ༡༩༧༤ ལོར་བཀའ་བློན་དབང་རྡོར་ལགས་ཡོད། ས་སྐྱ་ཚེ་དབང་རྟ་མགྲིན་ལགས་ཕལ་ཆེར་ཡོད། ཀུན་བདེ་གླིང་ཡོད་མེད་གསལ་པོ་དྲན་མ་བྱུང་། གང་ལྟར་དབང་རྡོར་ལགས་དང་ཚེ་དབང་རྟ་མགྲིན་ཡོད། དེ་དུས་ཕལ་ཆེར་ཚོགས་གཙོ་ཚེ་དབང་འཕྲིན་ལགས་ཡོད། གང་ལྟར་ང་ཚོ་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་མཉམ་དུ་སྐད་ཆ་བཤད་རྒྱུ་རེད། རྒྱ་ནག་གཞུང་ལ་ངོ་རྒལ་བྱས་ནས་གང་ཡང་ཡོང་རྒྱུ་མི་འདུག དེར་བརྟེན་ང་ཚོས་རང་བཙན་ཞེས་བརྗོད་ནས་རྒྱ་ནག་གཞུང་དང་སྐད་ཆ་བཤད་ཐུབ་ཀྱི་མ་རེད། རང་བཙན་ཟེར་རྒྱུ་དེ་རྩོད་ཐབས་མེད། དབུ་མའི་ལམ་ཟེར་རྒྱུ་དེ་ཐོག་མར་དེ་དུས་འགོ་བཙུགས་པ་རེད། འོན་ཀྱང་ངོས་ཀྱིས་སྐབས་དེ་དུས་དབུ་མའི་ལམ་ཞེས་པའི་ཚིག་འདི་བཤད་ཀྱི་མེད། ང་ཚོར་དགོས་རྒྱུ་ནི་བདེ་སྐྱིད་དགོས་ཀྱི་ཡོད། ཅེས་བདེ་སྐྱིད་འདི་བཤད་པ་རེད། བདེ་སྐྱིད་ཟེར་ན་གང་རེད་ཅེས་སྐད་ཆ་འདྲི་མཁན་ཁ་ཤས་བྱུང་། བདེ་སྐྱིད་ལ་རིམ་པ་མང་པོ་ཡོང་གི་རེད་ཅེས་སྤམ་པོར་བཤད་ནས་རིམ་པས་ང་ཚོས་རང་བཙན་རྩོད་རྒྱུ་མིན། ད་ལྟ་བོད་ནང་རྒྱ་ནག་གཞུང་གིས་སྲིད་བྱུས་འཛིན་བཞིན་པ་དེ་འགྲིག་གི་མི་འདུག དེར་བརྟེན་མཐའ་གཉིས་སུ་མ་ལྷུང་བར་དབུ་མའི་ལམ་དུ་འགྲོ་རྒྱུ་དེ་རིམ་བཞིན་བྱུང་བ་རེད། དབུ་མའི་ལམ་དེ་གློ་བུར་དུ་བྱུང་བ་ཞིག་མ་རེད། ཕྱི་ལོ་ ༡༩༥༠ ནས་བཟུང་བྱུང་རིམ་དང་ཉམས་མྱོང་དེ་དག་བསགས་ནས་མཐར་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་རྒྱུ་ལས་མི་འདུག དེར་བརྟེན་རང་བཙན་རྩོད་ནས་ཡོང་ཐབས་མེད། དེ་ལྟར་དབུ་མའི་ལམ་གྱི་སྟེང་ཕྱིན་པ་རེད། འདི་ཕྱི་ལོ་ ༡༩༧༤ ལོར་ཐག་གཅོད་བྱས་པ་རེད།
དེ་ནས་ཕྱི་ལོ་ ༡༩༧༨ ལོའི་ལོ་འཇུག་ལ་རྒྱལ་ལོ་དོན་གྲུབ་ཧོང་ཀོང་ལ་ཡོད། ཏིང་ཞའོ་ཕིང་ Deng Xiaoping གིས་རྒྱལ་ལོ་དོན་གྲུབ་ཐུག་དགོས་ཀྱི་ཡོད། ཅེས་ལན་འབྱོར་འདུག རྒྱལ་ལོ་དོན་གྲུབ་འགན་མ་བཟོད་པར་ཆེད་མངགས་ངོས་རང་ཐུག་ཏུ་སླེབས་བྱུང་། སྐབས་དེར་ངོས་རང་རྒྱ་གར་ཀཱན་པར་ Kanpur ཞེས་པའི་ས་གནས་སུ་ཆོས་ཚོགས་ཀྱི་ཚོགས་འདུར་ཡོད། ཏིང་ཞའོ་ཕིང་ Deng Xiaoping གིས་པེ་ཅིང་ནས་ལན་འདི་ལྟར་འབྱོར་བྱུང་། གང་བྱེད་དགོས་སམ། ཞེས་བརྗོད་བྱུང་། ངོས་ཀྱིས་ “ཧ་ཅང་ཡག་པོ་འདུག འགྲོ་རྐྱང་བྱོས། ང་ཚོ་འདིར་དབུ་མའི་ལམ་སྟེང་བསྡད་ཡོད། དབུ་མའི་ལམ་གྱི་ཐོག་ནས་འབད་བརྩོན་བྱེད་རྒྱུ་མ་གཏོགས་ང་ཚོས་རང་བཙན་འབད་བརྩོན་བྱེད་ཀྱི་མེད། འགྲོ་རྐྱང་བྱོས་” བརྗོད་པ་ཡིན། ལམ་སང་པེ་ཅིང་དུ་ཕྱིན་ནས་ཏིང་ཞའོ་ཕིང་Deng Xiaopingདང་མཉམ་དུ་ཕལ་ཆེར་ཆུ་ཚོད་གཅིག་གཉིས་སྐད་ཆ་བཤད་པ་རེད།
སྐབས་དེར་ཏིང་ཞོ་ཕིང་ Deng Xiaoping གིས་རང་བཙན་སྐད་ཆ་བཤད་རྒྱུ་མེད། གཞན་གང་ཡིན་ནའང་ང་ཚོ་སྐད་ཆ་བཤད་ཆོག་གི་རེད། ཅེས་དེ་ལྟར་སྐད་ཆ་བྱུང་བ་རེད། དེར་བརྟེན་ང་ཚོ་རང་བཙན་རྩོད་ཀྱི་མེད་པར་དབུ་མའི་ལམ་ཐོག་འགྲོ་རྒྱུའི་གྲུབ་འབྲས་དང་པོ་ནི་སྤོབས་པ་བྱས་ནས་ཏིང་ཞའོ་ཕིང་ Deng Xiaoping ཐུག་ཐུབ་པ་ཞིག་དང་། དེའི་ཐོག་ནས་བོད་ཕྱི་ནང་གི་འགྲིམ་འགྲུལ་ཡོང་ཐུབ་པ་དེའང་དེའི་ཐོག་ནས་ཐག་ཆོད་པ་རེད། དེ་དུས་ཏིང་ཞའོ་ཕིང་ Deng Xiaoping གིས་རྒྱ་གར་ནང་བོད་པའི་གནས་སྟངས་གང་འདྲ་ཡོད་པ་རེད། ཅེས་སྐད་ཆ་འདྲི་སྐབས། ང་ཚོའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག གཙོ་ཆེ་ཤོས་སློབ་གྲྭ་ཁག་གང་ཡོད་པ་དེ་དག་འགྲེལ་བཤད་བརྒྱབ་ནས་ང་ཚོའི་སློབ་ཕྲུག་སྟོང་ཕྲག་མང་པོ་སློབ་སྦྱོང་བྱས་ནས་ཨིན་ཡིག་དང་བོད་ཡིག་ཤེས་མཁན་ཡོད་ཅེས་འགྲེལ་བཤད་རྒྱག་སྐབས་ཏིང་ཞའོ་ཕིང་ Deng Xiaoping ཧ་ལས་པ་ལྟ་བུ་བྱས་ནས་ཁྱེད་རང་ཚོར་སློབ་ཕྲུག་ཨིན་སྐད་རྒྱག་ཐུབ་མཁན་དེ་འདྲ་ཡོད་ན། ང་ཚོ་རྒྱ་ནག་ལ་སྐད་སྒྱུར་བྱེད་མཁན་དེང་སྐབས་འདང་གི་མི་འདུག དེར་བརྟེན་བོད་པའི་སློབ་ཕྲུག་གང་ཙམ་ཡོང་ཐུབ་ཀྱི་རེད་དམ། ཞེས་ཏིང་ཞའོ་ཕིང་ Deng Xiaoping གིས་རེ་འདུན་བཏོན་པ་རེད། འདི་འགྲིག་གི་འདུག་ཅེས་རྒྱ་ནག་གཞུང་ལ་རོགས་པ་བྱེད་རྒྱུའི་སླད་ང་ཚོ་འདི་ནས་ཕར་སློབ་ཕྲུག་གཏོང་རྒྱུ་བྱས་པ་རེད། དེ་དུས་རྒྱ་ནག་ནང་ཨིན་སྐད་ཤེས་མཁན་ཉུང་ངུ་རེད་འདུག ང་ཚོ་འདི་ནས་བོད་པའི་སློབ་ཕྲུག་ལྔ་བཅུ་ཙམ་གཏོང་རྒྱུ་བྱས་པ་རེད། དེའི་འགྲོ་གྲོན་ཨི་ཊ་ལིའི་ཡི་ཤུའི་བླ་ཆེན་སྤོབ་ Pope དང་པོའམ་གཉིས་པར་རོགས་བྱེད་རོགས་ཞུས་སྐབས་ཁོང་གིས་ “འགྲིག་གི་རེད།” ཅེས་འཕྲལ་མར་ཨ་སྒོར་ཁྲི་ལྔ་ལྡི་ལིར་ཁོང་གི་གཞུང་ཚབ་བརྒྱུད་ནས་ལེན་དགོས་པ་གསུངས། བོད་ཕྲུག་ནང་ནས་མི་ལྔ་བཅུ་འགྲོ་རྒྱུའི་གྲ་སྒྲིག་བྱེད་པའི་སྐབས་མཐོང་མཆན་ལག་འཁྱེར་ནང་རྒྱ་མི་ Chinese ཞེས་བཀོད་པ་ཡིན་ན་འགྲོ་གི་མིན་ཞེས་འགྲོ་རྒྱུ་མ་བྱུང་བ་རེད། ཏིང་ཞི་ཕིང་ Deng Xiaoping དང་ཐད་ཀར་འབྲེལ་བ་བྱུང་ནས་སྐད་ཆ་བཤད་པར་བརྟེན་བོད་ནང་ལྟ་སྐོར་ཐེངས་དང་པོ་དང་གཉིས་པ། གསུམ་པ་བཅས་འགྲོ་རྒྱུ་དེ་ལྟར་བྱུང་བ་རེད། བོད་ལ་ལྟ་སྐོར་འགྲོ་བ་དེས་ཕན་ཐོགས་ཧ་ཅང་བྱུང་འདུག
ཁྱེད་རང་ཚོའི་ནང་ནས་དུས་ཕྱིས་སུ་བོད་ནས་ཡོང་བ་ཡོད་ངེས་རེད། ཁྱེད་རང་ཚོས་ཤེས་ཀྱི་རེད། དེ་སྔ་ཡིན་ན་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་ནང་ཡོད་པ་རེད། བཙན་བྱོལ་ནང་ཡོད་པ་རེད། ཅེས་པ་ཙམ་མ་གཏོགས་དེ་ལས་སྤྲོས་པའི་གནས་སྟངས་གང་ཡང་ཤེས་ཀྱི་མེད། ལྟ་སྐོར་ཚོགས་པ་ཐེངས་དང་པོ་ཕྱིན་ནས་ལྷ་ས་ཙམ་མིན་པར་མདོ་སྟོད་སྨད་ཀྱི་ས་ཁུལ་ལ་ཕྱིན་པའི་སྐབས་གཞིས་བྱེས་ཀྱི་འབྲེལ་བ་མཐུད་ཐུབ་པ་རེད། བོད་ནང་གི་བོད་མི་ཚོ་ཡང་སེམས་ཤུགས་ཧ་ཅང་སྐྱེས་ཤིང་ཧ་ཅང་དགའ་པོ་བྱས་པ་རེད།
ངོས་ཀྱི་གཅེན་པོ་བློ་བཟང་བསམ་གཏན་ལྷ་སར་སླེབས་སྐབས་མི་ཚོས་ཧ་ཅང་དགའ་པོ་བྱས་ནས་ཡར་གནམ་ལ་བཏེག་པ་དེ་འདྲ་བྱུང་འདུག ཨ་མདོ་དང་ཁམས་ཁུལ་དུ་དེ་བཞིན་རེད། གང་ལྟར་བོད་ནང་གི་རྒྱ་ཆེ་མི་མང་དེ་དག་གཞི་ནས་བཙན་བྱོལ་ནང་བོད་མི་གང་འདྲ་ཡོད་པའི་གནས་སྟངས་ཤེས་པ་དང་དེར་དོ་སྣང་སླེབས་པ་རེད། ང་ཚོ་འདི་ནས་བོད་རྒྱ་ཆེ་མི་མང་དེ་དག་ལ་དཀའ་ངལ་ཧ་ཅང་འཕྲད་ཡོད་ཀྱང་ལྷག་བསམ་སྙིང་སྟོབས་ཞུམ་མེད་ཐོག་གནས་པ་མཐོང་ཐུབ་ཡོད། དེ་ལྟར་གཞིས་བྱེས་གཉིས་ཀྱི་འབྲེལ་བ་མཐུད་རྒྱུ་བྱུང་སོང་། འདི་ང་ཚོས་དབུ་མའི་ལམ་ཟེར་ནས་བྱུང་ཐུབ་པ་རེད་མ་གཏོགས་ང་ཚོས་རང་བཙན་ཞེས་སྐད་བརྒྱབ་ནས་བསྡད་པ་ཡིན་ན། དེ་དུས་དེ་ཡོང་རྒྱུ་མེད། མཁྱེན་སོང་ངམ། འདི་ལྟར་ཕྱིན་པ་རེད།
རྒྱ་གར་གཞུང་ངོས་ལ་ཆ་བཞག་པ་ཡིན་ནའང་། དབུ་མའི་ལམ་ལ་རྒྱབ་སྐྱོར་ཆ་ཚང་ཡོད་པ་རེད། ཡུ་རོབ་གྲོས་ཚོགས་དང་། ཨ་རི་གྲོས་ཚོགས་གོང་འོག་ནས་དབུ་མའི་ལམ་ལ་གཞུང་འབྲེལ་རང་གི་ཐོག་ནས་རྒྱབ་སྐྱོར་བྱས་ཡོད། ཐེངས་ཤིག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ Barack Obama མཆོག་དང་ངོས་གཉིས་ཐུག་ཟིན་མཚམས། ཕོ་བྲང་དཀར་པོ་རང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད། ཅེས་གསལ་བསྒྲགས་སྤེལ་ཡོད།
གལ་ཆེ་ཤོས་ནི་ང་ཚོས་རང་བཙན་རྩོད་ཀྱི་མེད་སྟབས། ཨ་རི་དང་ཨོ་སི་ཊོ་ལི་ཡ། ཉི་ཧོང་། ཡུ་རོབ་སོགས་གང་སར་རྒྱ་རིགས་ཤེས་ཡོན་ཅན་དང་སློབ་ཕྲུག ཚོང་པ་སོགས་མང་པོ་དང་ཐུག་ཐུབ་བཞིན་ཡོད། རྒྱ་མིའི་སློབ་ཕྲུག་དེ་དག་ཐེངས་དང་པོ་ཐུག་སྐབས་སྒམ་པོ་བྱས་ནས་སྡོད་ཀྱི་འདུག ང་ཚོས་རང་བཙན་རྩོད་ཀྱི་མེད། ང་ཚོ་ཐུན་མོང་གི་ཁེ་ཕན་ཐོག་ནས་རྒྱ་ནག་གི་རྩ་ཁྲིམས་ནང་ངོས་འཛིན་ཡོད་པའི་བོད་རིགས་ས་ཁུལ་ཡོངས་རྫོགས་ལ་སོ་སོའི་སྐད་ཡིག་དང་རིག་གཞུང་དེ་དག་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་གཅིག་གྱུར་དགོས་ཀྱི་འདུག ཅེས་ང་ཚོ་འདི་བཤད་ཀྱི་ཡོད། ང་ཚོས་རང་བཙན་བཤད་ཀྱི་མེད། ཅེས་བརྗོད་སྐབས་གཞི་ནས་ཁོང་ཚོའི་གདོང་གི་རྣམ་འགྱུར་ཡང་འགྱུར་འགྲོ་གི་འདུག དེ་ནས་ལྷོད་ཤིག་ཤིག་ཆགས་ནས་མཉམ་དུ་པར་རྒྱག་དགོས་ཀྱི་ཡོད། ཅེས་འཚང་ག་ཤིག་ཤིག་བྱས་པ་དེ་འདྲ་ཐེངས་མང་པོ་བྱུང་།
གང་ལྟར་རྒྱ་དང་བོད་ཅེས་རྙོག་གྲ་ཞིག་ཆགས་ཡོད། རྒྱ་དང་བོད་ཅེས་པའི་རྙོག་གྲ་ནི་མི་དང་མིའི་འབྲེལ་བའི་ཐོག་ནས་སེལ་ཐུབ་པའི་བསམ་བློ་གཏོང་དགོས་རེད་མ་གཏོགས་ནེ་རུས་གསུང་པ་ནང་བཞིན་ཁ་གཏད་ལངས་ནས་ཡོང་ཐབས་མེད། གང་ལྟར་རྒྱ་མི་ང་ཚོའི་གཉེན་ལ་བཀུག་ནས་ང་ཚོའི་དཀའ་ངལ་སེལ་ཐུབ་པ་བྱས་ན་མཁས་པ་རེད། རྒྱ་མི་དགྲ་རུ་བཟོས་ནས་ང་ཚོའི་དོན་དག་སྒྲུབ་པ་བྱ་རྒྱུ་ཡིན་ཟེར་ན། བསམ་བློ་རྒྱ་ཆུང་དྲགས་པ་རེད། དབུ་མའི་ལམ་ནི་ཐོག་མར་ངོས་ཀྱི་ཉམས་མྱོང་དེ་དག་ཚང་མ་བསྡོམས་བརྒྱབ་ནས་མཐར་དབུ་མའི་ལམ་ཟེར་རྒྱུ་འདིའི་སྟེང་ཕྱིན་པ་རེད། དེར་ཁ་ཡོད་ལག་ཡོད་གྲུབ་འབྲས་གང་བྱུང་བ་རེད་ཅེ་ན། རྒྱ་མི་རིགས་ཆབ་སྲིད་ཀྱི་བསམ་བློ་གུ་དོག་པོ་ཡོད་མཁན་ཚོ་མ་གཏོགས་གཞན་རྒྱ་ནག་འགོ་ཁྲིད་ཁྲོད་དུའང་ང་ཚོས་ཁ་བྲལ་གང་བྱེད་ཀྱི་འདུག ཅེས་འདྲི་བ་ཡིན་ན་ཁོ་པ་ཚོར་ལན་བརྒྱག་རྒྱུ་གང་ཡང་མེད།
ཁོང་ཚོས་ཁ་བྲལ་ཟེར་བའི་མིང་དེ་འཇོག་ཐུབ་ན། ཁ་བྲལ་གྱི་མིང་ཐོག་ནས་བོད་མིར་རྡུང་རྡེག་གཏོང་རྒྱུ་ལས་སླ་བ་ཡོད། ཏཱ་ལའི་བླ་མས་ཁ་བྲལ་བྱེད་ཀྱི་མེད་ཅེས་བརྗོད་པ་ཡིན་ན། རྒྱ་ནག་མི་མང་གིས་འོ་ན་ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཡོང་མི་ཆོག་པ་གང་བྱས་པ་རེད་དམ། ཞེས་རྒྱ་མི་ཚོས་བརྗོད་པ་ཡིན་ན། རྒྱ་ནག་གཞུང་གིས་ལན་འདེབས་བྱ་རྒྱུ་ཁག་པོ་རེད། མ་རེད་དམ། ཁ་བྲལ་བ་རེད་ཅེས་བརྗོད་ན། རྡུང་རྡེག་གཏོང་རྒྱུ་ལས་སླ་བ་ཡོད། ང་ཚོ་ཁ་བྲལ་བྱེད་ཀྱི་མེད་པ་དང་རང་བཙན་རྩོད་ཀྱི་མེད་པ་འཛམ་གླིང་གི་ཤེས་ཀྱི་ཡོད། འོན་ཀྱང་རྒྱ་ནག་གི་ལས་ཁུངས་ཁག་ཁ་ཤས་ཀྱི་ད་དུང་མུ་མཐུད་ནས་ཁ་བྲལ་བ་ཞེས་ཟེར་གྱི་འདུག འདི་ཁོང་ཚོར་ཕན་ཐོགས་ཡོད།
ང་ཚོས་རང་བཙན་ཞེས་སྐད་བརྒྱབ་པ་ཡིན་ན། ཁོང་ཚོར་དགོས་རྒྱུ་དེ་ཆགས་པ་རེད། བོད་ནང་དུ་ཡིན་ནའང་དྲན་གནོན་བྱ་རྒྱུ་ལས་སླ་རུ་འགྲོ་རྒྱུ་རེད། དེར་བརྟེན་བར་སྐབས་ལོ་ཤས་གོང་ང་ཚོས་ཉམས་ཞིབ་བྱས་པར་རྒྱ་ཡིག་ནང་རྩོམ་ཡིག་བྲིས་པ་དེ་འདྲ་ཧ་ལམ་སྟོང་ཕྲག་གཅིག་ཙམ་བྲིས་ཡོད་པའི་ནང་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད། ཁོང་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་སྲིད་བྱུས་འཛིན་པ་དེར་སྐྱོན་བརྗོད་བྱས་ཡོད། རྒྱ་ནག་གཞུང་གནས་ཚུལ་ཐ་དད་རེད།
རྒྱ་ནག་མི་མང་ཤེས་ཡོན་ཅན་དེ་དག་གི་ནང་ང་ཚོས་མཐུན་ཕྱོགས་བཟོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་འདུག ཆབ་སྲིད་ཐོག་ནས་དབུ་མའི་ལམ་ཟེར་རྒྱུ་ནི་ཧ་ཅང་ཕན་ཐོགས་བྱུང་ཡོད། ཆོས་ཕྱོགས་ཐོག་ནས་ལོ་རྒྱུས་ཐོག་ནས་རྒྱ་ནག་ནང་པའི་ལུང་པ་རེད། བར་སྐབས་ཆ་བཞག་ན་ལོ་ཁ་ཤས་གོང་ལ་པེ་ཅིང་སློབ་གྲྭ་ཆེན་མོས་རྒྱ་ནག་ནང་དུ་ནང་པ་ཇི་ཙམ་ཡོད་མེད་ཞིབ་མཇུག་བྱས་པར་ནང་པ་ས་ཡ་སུམ་བརྒྱ་ལྷག་ཡོད་པ་གཞུང་འབྲེལ་ཞིབ་འཇུག་བྱས་པའི་ཕྱོགས་བསྡོམས་བཏོན་པ་རེད།
བར་སྐབས་རྒྱ་ནག་ནས་ཡོང་མཁན་དེ་འདྲས་རྒྱ་ནག་ནང་དུ་ནང་པ་ཧ་ཅང་འཕེལ་ཡོང་གི་འདུག དེང་སྐབས་རྒྱ་ནག་ནང་དུ་ནང་པ་ཧ་ལམ་ས་ཡ་བཞི་བརྒྱ་ཙམ་ཡོད་པ་བཤད་ཀྱི་འདུག དེང་སྐབས་རྒྱ་ནག་ནས་ང་ཚོ་ཐུག་ཏུ་དངོས་སུ་ཡོང་མཁན་རྒྱུན་མ་ཆད་པ་ཡོང་བཞིན་འདུག དེ་དག་དངོས་གནས་དད་པ་ཆེན་པོ་དང་སངས་རྒྱས་པའི་ཆོས་ལ་དོ་སྣང་ཧ་ཅང་ཡོད་པ་རེད་འདུག བར་སྐབས་བོད་ནས་ཡོང་མཁན་དེ་འདྲས་སྐད་ཆ་བྱུང་། རྒྱ་མི་ཤེས་ཡོན་ཅན་དེ་འདྲའི་ནང་དེང་སྐབས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ལྷག་པར་དེང་སྐབས་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་དེ་འདྲས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་ཡོང་སྐབས་རྒྱ་གར་ནང་ཨིན་ཡིག་ནང་ཡོད་པའི་ཚན་རིག་དང་། དེང་སང་གི་རིག་གསར་གི་ཚན་རིག་དང་ནང་ཆོས་ཚན་རིག་སྐོར་གོ་བསྡུར་བྱས་པའི་དེབ་དེ་འདྲ་དང་། ངོས་ཀྱིས་བཤད་པའི་དེབ་དེ་འདྲ་སློབ་གྲྭ་ཆེན་མོའི་ནང་ཡིག་ཆ་དེ་དག་ཐོབ་ཀྱི་ཡོད་ཚོད་འདུག མི་མང་ནང་ཐོབ་ཀྱི་མ་རེད། བོད་ཀྱི་སངས་རྒྱས་པའི་ཆོས་ནི་ཚན་རིག་དང་མཐུན་པའི་ཆོས་རེད་འདུག ཅེས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཁ་སྔོན་བོད་ནས་ཡོང་མཁན་ཞིག་དང་སྐད་ཆ་བྱུང་། ཁོས་འདི་ལྟར་བརྗོད་ཀྱི་འདུག རྒྱ་མིའི་སློབ་གྲྭ་ཆེན་མོ་དེ་འདྲའི་ནང་ཡོད་པའི་དགེ་རྒན་ཁ་ཤས་བོད་ཀྱི་ནང་ཆོས་ལ་དོ་སྣང་ཆེན་པོ་སླེབ་པའི་སྐབས་བོད་ཡིག་སློབ་རྒྱུའི་འབད་བརྩོན་བྱེད་ཀྱི་འདུག ཅེས་འདི་ལྟར་བཤད་ཀྱི་འདུག
གང་ལྟར་ང་ཚོ་དང་མཐུན་པའི་རྐྱེན་གཅིག་ནི་རྒྱ་རིགས་ནང་ནས་ལོ་རྒྱུས་ཐོག་ནས་ནང་པ་ཆགས་ཀྱི་ཡོད་པ་མ་ཟད། དེང་སྐབས་ཡིན་ནའང་ནང་པ་ཕོན་ཆེན་པོ་ཡོད་སྟབས། རྒྱ་ནག་ནང་དུ་ནང་ཆོས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད་འདུག དེར་བརྟེན་རྒྱ་དང་བོད་འཆམ་མཐུན་བྱས་ནས་ཡག་པོ་བྱུང་བ་ཡིན་ན། རྒྱ་ནག་ནང་གི་ནང་པ་ས་ཡ་བྱེ་བ་མང་པོ་ཞིག་ལ་ཏན་ཏན་ཕན་ཐོགས་བྱེད་ཐུབ་པ་དང་། རྒྱ་ནག་ནང་གི་ནང་པ་ཚོས་བོད་ཀྱི་ནང་ཆོས་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དང་། ཚན་རིག་དང་མཐུན་པ་རེད་འདུག ཅེས་མང་པོས་ངོས་འཛིན་བྱེད་ཀྱི་འདུག འདི་ཡང་ང་ཚོའི་མཐུན་པའི་རྐྱེན་ཞིག་རེད།
ང་ཚོས་རང་བཙན་ཞེས་བརྗོད་པ་ཡིན་ན། ཆོས་ཕྱོགས་ཐོག་ནས་བོད་པར་དགའ་མོས་ཤུགས་ཆེན་པོ་ཡོད་པ་ཡིན་ནའང་། ཆབ་སྲིད་ཐོག་ནས་འགལ་རྐྱེན་འཕྲད་རྒྱུ་ཞིག་ཡོང་གི་རེད། ཆབ་སྲིད་ཐོག་ནས་ང་ཚོས་རང་བཙན་རྩོད་ཀྱི་མིན། ཁ་བྲལ་བྱེད་ཀྱི་མིན་བརྗོད་སྐབས་ཧ་ཅང་འདུམ་བདེ་པོར་སླེབ་ཀྱི་འདུག
དབུ་མའི་ལམ་ཐོག་མར་གསར་གཏོད་ལྟ་བུ་ངོས་ཀྱིས་བྱས་པ་ཡིན། དེར་བརྟེན་ང་ཚོ་བོད་ཀྱི་ཁ་དཔེར་ཡོད་པ་ལྟར། གཏམ་མགོ་ལན་མཇུག་ངོས་ཀྱིས་སྐྱེལ་དགོས་ཀྱི་ཡོད་པ་རེད། མང་གཙོའི་འོས་བསྡུའི་ཐོག་ནས་ཡར་སླེབས་པའི་ང་ཚོའི་སྲིད་སྐྱོང་བློ་བཟང་སེངྒེ་ལྟ་བུར་མཚོན་ནའང་། བརྒྱ་ཆ་བརྒྱ་ཐམ་པ་དབུ་མའི་ལམ་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་རང་ཐོག་འགྲོ་བཞིན་ཡོད། ང་ཚོ་ཆབ་སྲིད་ཐོག་ནས་དབུ་མའི་ལམ་ཟེར་རྒྱུ་འདི་ནི། རྒྱ་གར་གཞུང་གཙོ་བོར་གྱུར་པའི་རྒྱལ་ཁབ་ཁག་དེ་ཚོའི་གྲས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་རིགས་དེ་དག་ལས་སླ་པོ་དང་བྱེད་བདེ་པོ། རྒྱ་རིགས་ནང་དུ་ཡིན་ནའང་གྲོགས་པོ་མང་པོ་བཟོ་ཐུབ་པ་འདི་ང་ཚོའི་གྲུབ་འབྲས་རེད།
གཉིས་ནས་ངོས་ཀྱིས་ནམ་རྒྱུན་རྟག་པར་བརྗོད་བཞིན་པ་དེ་རེད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཟེར་རྒྱུ་དེ་ཁྱེད་རང་ཚོ་མང་ཆེ་བས་འདོན་ཀྱི་ཡོད་དམ། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་ཞིག་ཡོང་བར་ཤོག་ཟེར་གྱི་ཡོད།
བདག་གིས་སྦྱིན་སོགས་བགྱིས་པའི་བོད་རང་བཙན་ཐོབ་པར་ཤོག ཅེས་སྨོན་ལམ་རྒྱག་གི་ཡོད་དམ་མེད། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེ་ཡོང་བའི་སྐད་ཆ་བཤད་ཀྱི་ཡོད། དེ་བཞིན་སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། ཞེས་སེམས་ཅན་ཐམས་ཅད་བདག་གིས་བདེ་བའི་མགྲོན་དུ་གཉེར་གྱི་ཡིན་ཞེས་མ་གཏོགས་ང་ཚོ་བོད་པ་ཁོ་ན་བདེ་བའི་དོན་དུ་གཉེར། རྒྱ་མི་དེ་དག་སྡུག་བསྔལ་ཡོང་བར་ཤོག་ཅེས་རྩ་བ་ནས་ཟེར་གྱི་མེད།
ང་ཚོས་ཆོས་བྱེད་རྒྱུ་དེ་སེམས་པ་རྣམ་དག་ཡིན་ན། ཁ་ཞེ་གཉིས་མེད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་རྒྱུ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་ཟེར་དུས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་མཐའ་ཡས་པ་ཡོད་པ་དེ་དག་ལ་ང་ཚོས་བྱེད་ཐུབ་པ་གང་ཡང་མི་འདུག བྱེད་ཐུབ་རྒྱུ་ཡོད་པ་ནི་འཛམ་གླིང་འདིའི་སྟེང་གི་སེམས་ཅན་དེ་དག་རེད། དེའི་ནང་ནས་མི་ཁོ་ན་རེད་མ་གཏོགས་བྱ་རི་དགས་དང་། དུད་འགྲོ་གྲངས་ལས་འདས་པ་ཡོད་པ་དེ་དག་ལ་ང་ཚོས་སྨོན་ལམ་རྒྱག་རྒྱུ་ཙམ་ལས་གཞན་བྱ་རྒྱུ་གང་ཡང་མེད། ང་ཚོས་སེམས་ཅན་ཐམས་ཅད་བདེ་བའི་མགྲོན་དུ་གཉེར། ཞེས་ཁ་ཡོད་ལག་ཡོད་ཐོག་བསམ་བློ་གཏོང་བ་ཡིན་ན། མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ལ་མིའི་ཀླད་པ་དང་སྐད་ཡིག་ཡོད་པ་རེད། དེར་བརྟེན་ང་ཚོས་དངོས་དང་བརྒྱུད་པའི་ཐོག་ནས་ཕན་ཐོགས་བྱེད་རྒྱུའི་གོ་སྐབས་དང་ཐབས་ཤེས་ཤིག་འདུག དཔེར་ན། ངོས་ལ་ཆ་བཞག་ན། བྱང་ཆུབ་སེམས་ཀྱི་བློ་སྦྱངས་ནས་ཉིན་ལྟར་བྱང་ཆུབ་སེམས་སྒོམ་གྱི་ཡོད། ཉིན་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་གྱི་ཡོད། དེ་ལེན་པའི་སྐབས་སུ་འཆར་ཅན་སེམས་ཅན་ཐམས་ཅད་བདག་གིས་བདེ་བའི་མགྲོན་དུ་གཉེར་ཞེས་ཟེར་དུས། འདི་ངོས་ཀྱི་དགྲ་ཡིན། འདི་ངོས་ཀྱི་གཉེན་ཡིན། ཞེས་མིའི་ནང་དུ་མེད། ལྷ་དང་མི། ལྷ་མ་ཡིན་སུའི་ནང་དུ་ཡིན་ནའང་འདི་བསྟན་པའི་དགྲ་བོ་རེད། འདི་དགྲ་བོ་ཡིན་བསམ་པ་གཅིག་ཀྱང་མེད། སྤྱོད་འཇུག་ནང་གསུང་པ་ལྟར།
བདག་གིས་དི་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། ། ཞེས་པ་ལྟར་སེམས་ཅན་ཐམས་ཅད་གཉེན་ཡིན་མ་གཏོགས་འདི་ང་ཚོར་གནོད་པ་སྐྱེལ་མཁན་གྱི་དགྲ་དང་། འདྲེ། གདོན་ཡིན་བསམ་པ་རྩ་བ་ཉིད་ནས་མེད། ཁ་ཞེ་གཉིས་མེད་ཐོག་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་རྒྱུ་ཞིག་དང་། དེ་ཡང་། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་རྟག་པར་སྨོན་ལམ་རྒྱག་གི་ཡོད། ངོས་ཀྱི་མི་ཚེ་འདི་མི་ལུས་ཐོབ་ནས་གནས་ཡོད་པར་བརྟེན་ངོས་ཀྱི་མི་ཚེ་འདི་གསོན་པའི་རིང་ལ་གང་ཐུབ་གཞན་ཕན་སྒྲུབ་རྒྱུའི་བསམ་བློ་ཡོད། ངོས་ཀྱི་བསམ་བློ་ནང་འདི་ངོས་ཀྱི་དགྲ་ཡིན། འདི་ངོས་ཀྱི་གཉེན་ཡིན་ཟེར་རྒྱུ་ཁྱོན་ནས་མེད། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་བསམ་པ་ཞིག་དང་། མི་ལ་འཛམ་གླིང་འདིའི་སྟེང་ཨིན་སྐད་ཐོག་ sense of oneness of seven billion human being ཞེས་མི་གྲངས་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་གྱུར་རེད་ཅེས་ངོས་ཀྱིས་རྟག་པར་བཤད་ཀྱི་ཡོད། མི་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཟེར་དུས་ང་ཚོས་རྒྱ་དང་བོད་པའི་དབར་ཡིན་ནའང་ང་ཚོ་མི་གཅིག་གྱུར་ཡིན། རྒྱ་མི་ཚོས་ཀྱང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། ང་ཚོ་ཡིན་ནའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། ཅེས་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་དབྱེ་བ་འབྱེད་རྒྱུ་མི་འདུག
ང་ཚོའི་དབུ་མའི་ལམ་ནི། གཉིས་ཕན་ཐོག་བསམ་བློ་གཏོང་རྒྱུའི་རྒྱབ་ལྗོངས་དེ་ཚོའི་གྲས་སླེབ་ཀྱི་ཡོད་པ་རེད། ང་ཚོ་བོད་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་རེད། དེའི་ནང་ནས་ཐེག་པ་ཆེན་པོའི་ཆོས་བྱེད་མཁན་རེད། སེམས་བསྐྱེད་རྩ་བར་བཞག་པའི་ཆོས་ཉམས་ལན་བྱེད་མཁན་ཞིག་རེད། གང་ལྟར་སྤྱོད་འཇུག་སྔས་ལ་བརྒྱབ་ནས་ཆོས་བྱེད་མཁན་ཞིག་ཆགས་ཀྱི་ཡོད་སྟབས། ང་ཚོས་སེམས་ཅན་ཐམས་ཅད་ཅེས་དགྲ་དང་གཉེན་གྱི་སྐད་ཆ་གང་ཡང་མེད་པར་སེམས་ཅན་ཐམས་ཅད་གཉེན་དུ་གྱུར། བྱ་སྤྱོད་ཐོག་ལ་སྐྱོན་བརྗོད་དང་ཡོ་བསྲང་བྱེད་རྒྱུ་བཟོ་འདྲ་བོ་ཡོང་ཐུབ་དགོས། དཔེར་ན། རྒྱ་ནག་ལ་ཆ་བཞག་ན། བོད་ནང་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེད་བཞིན་པ་ལ་ང་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། དེ་རྒྱུ་མཚན་དུ་བྱས་ནས་རྒྱ་དང་བོད་ཅེས་དགྲ་དང་གཉེན་གྱི་འདུ་ཤེས་ཁྱོན་ནས་མེད་པ་དགོས།
གང་ལྟར་དེང་སྐབས་དངོས་ཡོད་གནས་ཚུལ་ལ་བོད་ཀྱི་ཆོས་ཞེས་དབུ་འཕང་མཐོ་བོ་ཆགས་པ་དེ་ངོས་ཀྱིས་རྟག་པར་བརྗོད་ཀྱི་ཡོད། དེ་སྔ་བོད་ཀྱི་སངས་རྒྱས་པའི་ཆོས་ནི་བླ་མའི་ཆོས་ཞེས་ནང་པའི་ཆོས་གཤའ་མ་ཞིག་ཡིན་མིན་ཐེ་ཚོམ་བྱེད་ཀྱི་ཡོད། དེང་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་ནི། ཚན་རིག་དང་མཐུན་པ་རིག་པ་དང་ལྡན་པ་རླབས་ཆེན་པོ་ཞིག་ཡོད་པ་ངོས་འཛིན་བྱས་ནས་ཚན་རིག་པའི་ནང་ནས་ནམ་རྒྱུན་ཆོས་ལ་སྐྱོན་བརྗོད་བྱེད་མཁན་དེ་འདྲས་བོད་ཀྱི་ནང་ཆོས་ལྟ་གྲུབ་འགྲེལ་བཤད་རྒྱག་དུས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག
ངོས་ཀྱི་ངོས་ཤེས་པ་ཚན་རིག་པ་དེ་འདྲ་ཡོད། ཁོ་རང་ཚོ་ལས་རིགས་ཚན་རིག་ཡིན་པར་བརྟེན་ཆོས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་མེད་ཀྱང་སེམས་ནང་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་དེ་ཚོའི་གྲས་ལ་ཧ་ཅང་དགའ་མོས་ཆེན་པོ་བྱས་ནས་ཉམས་ལེན་བྱེད་མཁན་དེ་འདྲ་འདུག
གང་ལྟར་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་རེད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། འོན་ཀྱང་མི་ཀླད་པ་མཁྲེགས་པོ་བྱས་ནས་རྒྱུ་མཚན་ཁོ་ནར་བསམ་བློ་བཏང་ནས་དད་པ་མི་བྱེད་མཁན་མི་དེ་ཚོའི་གྲས་ཀྱིས་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་འགྲེལ་བཤད་རྒྱག་སྐབས་འདི་དངོས་གནས་བདེན་པ་རེད་འདུག་ཅེས་མང་པོས་དགའ་པོ་བྱེད་ཀྱི་འདུག
ང་ཚོ་བོད་མི་རིགས་ཀྱི་ཆེ་མཐོང་སླེབ་རྒྱུ་འདི་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་སླེབ་རྒྱུ་རེད་འདུག བོད་ཀྱི་ཆོས་དང་རིག་གཞུང་གི་ལྟ་གྲུབ་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་དག་འགྲེལ་བཤད་རྒྱག་ཡོང་སྐབས་བོད་སྐད་ལས་ལྷག་པ་ཁྱོན་ནས་མི་འདུག ལེགས་སྦྱར་སྐད་ནི་སྐད་ཤི་ཚར་བ་ Dead language རེད། དེང་དུས་ཧིན་སྐད་ Modern Hindi འདང་གི་མ་རེད། དེ་བཞིན་ནུབ་ཕྱོགས་པའི་ཨིན་ཇི་དང་ཕ་རན་སི་དེ་ཚོའི་གྲས་ཀྱང་ནང་ཆོས་འགྲེལ་བཤད་མཐིལ་ཕྱིན་པ་བརྒྱག་རྒྱུར་རྩ་བ་ནས་འདང་གི་མ་རེད། རྒྱ་ཡིག་གི་འདང་གི་མི་འདུག བོད་ཡིག་དེ་ཡག་ཤོས་རེད་འདུག སེམས་ཁམས་དང་ཚད་མ་རིག་པའི་སྐོར་དེ་འདྲ་ཞིབ་ཚགས་པོ་འགྲེལ་བཤད་རྒྱག་ཡོང་སྐབས་བོད་སྐད་དང་བོད་ཡིག་ཡག་ཤོས་རེད་འདུག འདི་ང་ཚོས་སྤོབས་པ་བྱེད་ཆོག་པ་ཞིག་རེད་འདུག
ངོས་ཀྱིས་གོང་དུ་བརྗོད་པ་དེ་རེད། རྒྱ་མིའི་མཁས་དབང་ནང་ཆོས་ལ་དོ་སྣང་ཡོད་མཁན་དེ་ཚོའི་གྲས་ཀྱིས་བོད་སྐད་སློབ་རྒྱུར་དོ་སྣང་བྱེད་ཀྱི་འདུག་ཟེར་དུས་དེ་ཚོའི་གྲས་རྟགས་མཚན་ཞིག་རེད། འདི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་རེད། ནང་པ་དུང་ཕྱུར་བཅུ་གྲངས་ཙམ་ཡོད་ཀྱི་རེད། དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཞི་དང་ལམ། འབྲས་བུའི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་འགྲེལ་བཤད་རྒྱག་སྐབས་བོད་སྐད་ཡག་ཤོས་རེད་འདུག མཁྱེན་སོང་ངམ། འདི་ང་ཚོ་བོད་མི་རིགས་ཀྱི་དངོས་གནས་གཟི་བརྗིད་རེད། མ་འོངས་པར་ཡང་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་སངས་རྒྱས་པའི་ལྟ་གྲུབ་འདིའི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་གང་ཙམ་བྱེད་ཐུབ་པའི་ཆ་རྐྱེན་ཡོད་པའི་བཟོ་འདྲ་ཞིག་འདུག དེར་བརྟེན་ཁྱེད་རང་ཚོ་གཞོན་སྐྱེས་ཚོ་བོད་སྐད་དང་བོད་ཡིག་ལ་དོ་སྣང་ཆེ་ཙམ་བྱེད་དགོས། མཁྱེན་སོང་ངམ། དེ་ནས་ཆོས་ལ་དད་པ་བྱས་ནས་སྐྱབས་སུ་མཆི་ཟེར་རྒྱུ་གཅིག་པུའི་སྐད་ཆ་མིན་པར། བཅོམ་ལྡན་འདས་རང་ཉིད་ཀྱིས། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་འདུག
བཅོམ་ལྡན་འདས་ལ་དད་པ་བྱས་ནས་རྗེས་སུ་འབྲང་མཁན་དགེ་སློང་དང་མཁས་དབང་ཡིན་ནའང་རེད། ངས་བསྟན་པའི་བཀའ་འདི་སངས་རྒྱས་ཀྱིས་བཀའ་རེད། སངས་རྒྱས་ཀྱིས་གསུང་རེད། ཅེས་དད་པ་བྱས་ནས་ཡིད་ཆེས་བྱས་དགོས་མ་རེད། ངས་བཤད་པ་དེར་བརྟག་དཔྱད་དང་ཚོད་བལྟ་བྱས་ནས་ཕན་ཐོགས་ཡོང་གི་འདུག་ན་ཡིད་ཆེས་བྱོས། ཞེས་དེ་ལྟར་གསུང་མཁན་འཛམ་གླིང་འདིའི་སྟེང་སྟོན་པ་མང་པོ་ཡོད་ཀྱང་འདི་འདྲ་གསུང་མཁན་སངས་རྒྱས་བཅོམ་ལྡན་འདས་གཅིག་པུ་མ་གཏོགས་མེད། དེར་བརྟེན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་མང་པོ་ཞིག་གིས་བཅོམ་ལྡན་འདས་རང་གི་བཀའ་དཔེར་ན། མདོ་སྡེ་དགོངས་འགྲེལ་ལྟ་བུ་རྒྱ་ནག་གི་ནང་པ་ཚོས་མདོ་སྡེ་དགོངས་འགྲེལ་རྩ་ཆེན་པོར་རྩི་བཞིན་ཡོད་པ་རེད། རྒྱ་ནག་ནང་སེམས་ཙམ་པའི་ལྟ་བ་ཤུགས་ཆེན་པོ་འདུག དཔལ་ནཱ་ལེནྡྲའི་ཀླུ་སྒྲུབ་ལ་སོགས་དེ་དག་གིས་མདོ་སྡེ་དགོངས་འགྲེལ་འདི་སྒྲ་ཇི་བཞིན་དུ་ཁས་བླང་ན་རུང་གི་མ་རེད། འདི་ལ་རིགས་པས་གནོད་ཀྱི་འདུག ཅེས་གང་ལྟར་སེམས་ཙམ་པའི་ལྟ་གྲུབ་དང་དབུ་མ་པའི་ལྟ་གྲུབ་གྱི་དབྱེ་བ་འདི་ལྟར་འབྱེད་ཡོང་གི་ཡོད། དབུ་མ་པས་སེམས་ཙམ་པར་རིགས་པའི་ལམ་ནས་སྐྱོན་འདོན་ཡོང་དུས་སེམས་ཙམ་པའི་ཁུངས་བཅོལ་ས་མདོ་སྡེ་དགོངས་འགྲེལ་གཙོ་བོ་ཆགས་ཡོང་གི་ཡོད། སངས་རྒྱས་པའི་བཀའ་སྒྲ་ཇི་བཞིན་དུ་ཁས་བླངས་ན་གནོད་ཀྱི་འདུག་ཅེས་བཤད་ཡོང་གི་འདུག དེ་དག་ཧ་ལས་པ་རེད། ནཱ་ལེནྡྲའི་མཁས་པའི་དབང་པོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཆགས་ཡོད། འོན་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་རང་ལའང་སྒྲ་ཇི་བཞིན་དུ་ཁས་བླང་ན་རིགས་པས་གནོད་ཀྱི་འདུག དེར་བརྟེན་སྒྲ་ཇི་བཞིན་དུ་ཁས་བླང་རུང་གི་མ་རེད། ཅེས་དང་། དཔེར་ན་དབུ་མ་འཇུག་པའི་ནང་། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། ཅེས་པའི་རྣམ་པ་དེ་ལྟའི་མདོ་སྡེ་འཇུག་པ་རང་འགྲེལ་རང་བགྲང་ཡོང་དུས་མདོ་སྡེ་དགོངས་འགྲེལ་ནང་བགྲངས་འདུག དེར་བརྟེན་འདི་ཧ་ཅང་མི་འདྲ་བ་ཞིག་རེད་འདུག ཆོས་ལུགས་སུ་གཅིག་ལའང་འདི་འདྲ་མེད། རང་གི་སྟོན་པས་གསུང་པའི་བཀའ་ཡིན་ནའང་། རིགས་པས་དཔྱད་པ་བྱས་ནས་རིགས་པས་གནོད་པ་ཡོད་ན། སངས་རྒྱས་ཀྱི་བཀའ་རེད། དེ་སྒྲ་ཇི་བཞིན་དུ་ཁས་བླང་ན་རུང་གི་མ་རེད། ཅེས་པ་འདི་ཧ་ལས་པ་རེད་འདུག དེར་བརྟེན་སངས་རྒྱས་པའི་ཆོས་འདི་དངོས་གནས་རིགས་པས་ལམ་ནས་བཤད་རྒྱུ་ཞིག་དང་རིགས་པའི་ལམ་ནས་གནོད་ན་ཁས་མ་བླང་པ་ཞིག་ཆགས་ཡོང་དུས། སངས་རྒྱས་པའི་ཆོས་འདི་དངོས་གནས་ཚན་རིག་དང་མཐུན་པའི་ཆོས་ཆགས་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད།
བོད་པའི་ཡི་གེ་ནི་ཧ་ཅང་ཕྱུག་པོ་རེད་འདུག དེང་སང་རིག་གསར་གྱི་ Economy དང་ Science ཟེར་རྒྱུ་བཟོ་འདྲ་བོ་དེ་ཚོའི་ནང་བོད་སྐད་ཡར་རྒྱས་འགྲོ་རྒྱུའི་གོ་སྐབས་མ་བྱུང་བ་ཡིན་སྟབས། མིང་ཚིག་འདང་གི་མེད། དེང་སྐབས་བོད་ནས་ཚིག་མཛོད་དེ་འདྲ་བཟོས་པའི་ནང་མིག་ཚིག་གསར་པ་དེ་འདྲ་བཟོ་གི་འདུག ཧ་ཅང་ཡག་པོ་འདུག ང་ཚོ་རང་དབང་ལུང་པའི་ནང་དེ་འདྲ་བཟོ་མཁན་ཧ་ཅང་མེད། དེ་ཚོར་ཁྱེད་རང་ཚོས་དོ་སྣང་བྱེད་དགོས། ཤེས་སོང་ངམ། དེང་དུས་སློབ་ཚན་ Modern subject དེ་སྔ་བོད་ཡིག་ནང་བེད་སྤྱོད་བྱེད་མ་མྱོང་བ་དེ་ཚོའི་ནང་མིང་ཚིག་བོད་ཡིག་གསར་པ་བཟོ་དགོས་རྒྱུ་གལ་ཆེན་པོ་རེད་འདུག འདི་ཁྱེད་རང་ཚོ་བསམ་བློ་གཏོང་། རྩ་བའི་ང་ཚོ་བོད་པའི་ཡི་གེ་འདི་ཧ་ཅང་ཡག་པོ་རེད་འདུག བརྗོད་བྱ་སངས་རྒྱས་པའི་ཆོས་ཀྱི་གཞི་དང་ལམ། འབྲས་བུའི་རྣམ་གཞག་ཇི་འདྲ་ཞིག་བཤད་པ་ཡིན་ནའང་། ལེགས་སྦྱར་སྐད་ནང་བཞིན་དཔྱིས་ཕྱིན་པ་འགྲེལ་བཤད་རྒྱག་ཐུབ་པ་མ་ཟད། ལེགས་སྦྱར་གྱི་སྐད་འདི་སྐད་དོད་གཅིག་གིས་དོན་དུ་མར་འཇུག་པའི་རྙོག་གྲ་མེད་པ་བོད་ཡིག་འདི་ཧ་ཅང་གཙང་མ་དང་གསལ་པོ། ཐག་ཆོད་པོ་བཅས་ཧ་ཅང་ཡག་པོ་འདུག ཅེས་ཁྱེད་རང་ཚོར་བརྗོད་འདོད་བྱུང་། དེར་བརྟེན་ང་ཚོ་དབུ་མའི་ལམ་ཟེར་སྐབས་ཐུན་མོང་མ་ཡིན་པ་འཛམ་གླིང་ལ་ངོམ་ཆོག་པ་ཞིག་དང་། འཛམ་གླིང་ལ་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་ཡོད་པའི་རིག་གཞུང་འདི་ང་ཚོས་འགན་ཆ་ཚང་འཁྱེར་ནས་བདག་པོ་རྒྱག་ཐུབ་པ། དེ་ཡང་ང་ཚོ་ཆོལ་ཁ་གསུམ་ཞེས་དེ་སྔ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་དང་། མདོ་སྟོད་མིའི་ཆོལ་ཁ་དང་མདོ་སྨད་རྟའི་ཆོལ་ཁ་ཞེས་བརྗོད་སྲོལ་ཡོད། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཟེར་གྱི་ཡོད་ཀྱང་ངོས་རང་ལྷ་སར་གྲྭ་སྐོར་བཞག་ནས་རྒྱ་གར་དུ་ཡོང་སྐབས་དགེ་བཤེས་ཕལ་ཆེ་བ་ཁམས་པ་དང་ཨ་མདོ་མ་གཏོགས་དབུས་གཙང་མི་དེ་ཙམ་མི་འདུག འོན་ཀྱང་མིང་དེ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་མིང་འཁྱེར་བཞིན་ཡོད། ༼ ཞལ་ཤོབ་མཛད་ ༽
ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་སླེབ་སྐབས་སེར་འབྲས་དགའ་གསུམ་དང་རྒྱུད་གྲྭ་སྟོད་སྨད་དེ་ཚོའི་མཁན་པོ་ལས་ཟུར་དང་དགེ་བཤེས་མང་ཆེ་བ་ཁམས་པ་རེད་འདུག དེ་བཞིན་ཨ་མདོ་ཁ་ཤས་ཡོད་པ་རེད། ཨ་མདོ་འཇམ་དབྱངས་ཡེ་ཤེས་སྒོ་མང་མཁན་པོ་གནང་མཁན་བཀྲ་ཤིས་འཁྱིལ་ནས་རེད། དཔེ་ཆ་ཧ་ཅང་ཡག་པོ་ཡོད། ཉིན་ཞིག་ངེད་གཉིས་སྐད་བྱུང་། ཁོང་གིས་བོད་ཀྱི་མཁས་པ་ཡིན་ན་ཨ་མདོ་བ་ཡིན་པའི་ཁྱབ། ཅེས་གསུང་མྱོང་། ཕྲན་བུ་ཧམ་པ་ཚ་དྲགས་པའི་བཟོ་འདྲ་ཞིག་རེད། ༼ ཞལ་ཤོབ་མཛད་ ༽
བོད་ཀྱི་ཆོས་དང་རིག་གཞུང་དོན་དངོས་སུ་བདག་པོ་རྒྱག་མཁན་ནི་བོད་ཆོལ་ཁ་གསུམ་གྱི་མི་དེ་དག་ཆབ་སྲིད་ཐོག་ནས་བོད་སིལ་བུར་ཆགས་པའི་རྗེས་ལ་བོད་ཁ་ཐོར་ཕྱིན་པ་རེད། འོན་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་མཁན་ནི་ཆོལ་ཁ་གསུམ་གྱི་མི་ཡོངས་རྫོགས་ཀྱིས་ཤུགས་བརྒྱབ་ནས་བདག་པོ་བརྒྱབ་པ་རེད་འདུག དེར་བརྟེན་ང་ཚོ་ཆོལ་ཁའི་འཐེན་ཁྱེར། ང་ཚོ་ཁམས་པ་ཡིན། ང་ཚོ་དབུས་པ་དང་གཙང་པ་ཡིན། ང་ཚོ་ཨ་མདོ་ཡིན་ཟེར་བ་ལྟ་བུ། ཨ་མདོ་ནང་ཁུལ་བཤད་པ་ཡིན་ན། བཀྲ་ཤིས་འཁྱིལ་བ་རེད་ཟེར་རྒྱུ་དང་། ཁོང་ཚོ་ཡས་རེད། མས་རེད། ཟེར་ནས་ཕྱིན་པ་ཡིན་ན་མཐར་སོ་སོའི་ཁྱིམ་ཚང་སྟེང་སླེབ་ཡོང་གི་འདུག
ང་ཚོ་ཆེ་ས་ནས་བསམ་བློ་གཏོང་དགོས། དེ་སྔ་ཡིན་ནའང་བོད་སིལ་བུ་ཆགས་པའི་རྗེས་ལ་དུས་ད་ལྟ་ད་བར་དུ་ཆབ་སྲིད་ཀྱི་གནས་ཚུལ་གང་ཡིན་ནའང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་དེ་དག་སྐད་ཀྱི་གདངས་མི་འདྲ་བ་ཡོད་རེད་པ་གཏོགས་གང་ལྟར་ཡི་གེ་ནི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་རྫོགས་ལ་གཅིག་གྱུར་བྱས་ནས་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱའི་ཡི་གེ་འདི་གཅིག་གྱུར་བྱས་ནས་ལོ་སྟོང་ཕྲག་ལྷག་རིང་དེ་ལྟར་བཟུང་བ་རེད། ད་ལྟའི་དུས་ཚོད་ལ་ཕལ་ཆེར་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་གྱི་ནུས་པ་འདི་དེ་སྔ་ཕལ་ཆེར་བྱུང་མྱོང་མེད་པ་ལྟ་བུ་རེད། འདི་སུའི་བཀའ་དྲིན་རེད་ཅེ་ན། རྒྱ་ནག་གུང་ཁྲན་གྱི་བཀའ་དྲིན་རེད། རྒྱ་གུང་ཁྲན་གྱིས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་དབྱུག་པ་ལེབ་རྡུང་བཏང་ནས་སྡུག་པོ་གཅིག་བཏང་། དེ་ནས་ཆོས་ལུགས་ཚང་མ་དབྱེ་བ་མེད་པར་སྡུག་པོ་གཏོང་སྐབས་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཚང་མ་གཅིག་སྒྲིལ་ཆགས་ཡོང་གི་ཡོད། བོད་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་སྒྲིལ་ཆགས་ཡོང་གི་ཡོད།
དེ་སྔ་ཡིན་ནའང་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་བཟུང་བ་རེད། དེང་སྐབས་ཆབ་སྲིད་ཀྱི་ཐོག་ནས་ཆ་བཞག་པ་ཡིན་ནའང་། རྒྱ་ནག་གཞུང་གིས་འཇམ་རྩུབ་ཐབས་ཤེས་སྣ་ཚོགས་བྱས་པ་རེད། འོན་ཀྱང་བོད་པ་རྩ་བ་ནས་མ་ཐུབ་པར་གནས་ཡོད། འདི་ཆོལ་ཁ་གསུམ་གཅིག་སྒྲིལ་ཐོག་ནས་ཡོང་གི་ཡོད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་བོད་པ་ཚང་མས་ཆོལ་ཁ་གསུམ་དབྱེ་བ་མེད་པར་གཅིག་སྒྲིལ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྐབས་རེ་ལུང་ཚན་ཐོག་ནས་འཐེན་ཁྱེར་བྱས་ནས་ང་ཚོ་ཨ་མདོ་ཡིན། དབུས་གཙང་ཡིན། ཁམས་པ་ཡིན་ཟེར་རྒྱུ་དེ་འདྲ་སྐབས་རེ་ཡོང་གི་འདུག འདི་མི་དགོས་པ་རེད། ཆེ་ས་ནས་བསམ་བློ་གཏོང་དགོས། ཆོས་བརྒྱུད་ལ་ཆ་བཞག་པ་ཡིན་ནའང་ང་བཀའ་བརྒྱུད་ཡིན། ང་རྙིང་མ་ཡིན། ང་ས་སྐྱ་ཡིན་ཟེར་ནས་ཕྲན་བུ་ཐག་རིང་པོ་སྡོད་རྒྱུ་དེ་འདྲ་མ་བྱས་པར་ང་ཚོ་ཚང་མ་བཅོམ་ལྡན་འདས་གཅིག་གི་རྗེས་འབྲང་པ་རེད།
དེ་བཞིན་ཆབ་སྲིད་ཐོག་ནས་ང་ཚོ་རང་བཙན་རྩོད་མཁན་ཡིན་ཟེར་རྒྱུ་འདྲ་བོ། ང་ཚོ་དབུ་མའི་ལམ་རྩོད་མཁན་ཡིན་ཟེར་ནས་ཤོག་ཁག་འབྱེད་རྒྱུ་དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད། སོ་སོའི་བསམ་ཚུལ་དང་ལྟ་ཚུལ་མི་འདྲ་བ་ཡོང་གི་རེད། འདི་གནས་ཚུལ་ཁག་ཁག་རེད། དཔེར་ན་ནཱ་ལེནྡྲར་ཆ་བཞག་ན། བྲེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་གྲུབ་མཐའ་སྨྲ་བ་བཞི་ཡོད་པ་རེད། དེའི་ནང་གསེས་མི་འདྲ་བ་ཡོད་པ་རེད། དེ་དག་ཚང་མ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་གྱུར་བྱས་ནས་གནས་ཡོད་པ་རེད་མ་གཏོགས་དེ་འདྲའི་ཤོག་ཁག་གང་ཡང་མེད། མཁས་པ་མཁས་པའི་ནང་ན་མཛེས།། གསུང་པ་རེད། མཁས་པའི་ཐོག་ནས་དཔྱད་བསྡུར་བྱེད་རྒྱུ་ཡོང་གི་རེད་མ་གཏོགས་གཞན་དེ་འདྲའི་འཐེན་ཁྱེར་བྱེད་རྒྱུ་རྩ་བ་ནས་ཡག་པོ་མེད། ང་ཚོ་ཡིན་ནའང་དེ་ནང་བཞིན་བྱས་ནས་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཆོས་ལུགས་ཀྱི་འཐེན་ཁྱེར་བྱེད་རྒྱུ་དང་གཅིག ཆོལ་ཁའི་འཐེན་ཁྱེར་བྱེད་རྒྱུ་དང་གཉིས། ཆབ་སྲིད་ཀྱི་ལངས་ཕྱོགས་ཕྲན་བུ་མི་མཐུན་པ་ཡོད་པ་དེ་འདྲའི་ཐོག་ནས་འཐེན་ཁྱེར། ཤོག་ཁག་འཐེན་ཁྱེར་བྱེད་རྒྱུ་བཟོ་འདྲ་བོ་དེ་འདྲ་ཁྱོན་ནས་བྱེད་རྒྱུ་མེད། མཁྱེན་སོང་ངམ། ཚང་མ་གཅིག་སྒྲིལ་བྱེད་དགོས། བསམ་ཚུལ་མི་མཐུན་པ་ཡོང་གི་རེད། འདི་གནས་ཚུལ་ཐ་དད་རེད། དེ་ལྟར་བྱོས་ཨང་། གཞན་འདི་རང་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།
སྤྱིར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོར་ཚོགས་བཅར་བ་མི་གྲངས་ ༦༡༣ ཡོད་འདུག་པ་དང་། རྒྱ་གར་ས་གནས་འདྲ་མིན་དང་ཨ་རི། དེ་བཞིན་ཁེ་ན་ཌ་བཅས་ནས་ཕེབས་ཡོད་འདུག་པ་བཅས། །