ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སོ་ཀྲི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གི་ལམ་སྟོན་དང་། ཨོ་སི་ཀྲི་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དང་མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་ཟུང་འབྲེལ་གོ་སྒྲིག་འོག ཨོ་སི་ཀྲི་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བདུན་པ་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༣༡ ནས་ ༤ པའི་ཚེས་ ༡ བཅས་ཉིན་གཉིས་རིང་ཨོ་གླིང་ལྷའི་གྲོང་ཁྱེར་ཞེས་འབོད་པའི་མེལ་སྦོན་གྲོང་ཁྱེར་དུ་རྒྱལ་ཁའི་ངང་བསྐོངས་འཚོགས་གནང་ཡོད།
ད་ཐེངས་ཀྱི་རྒྱལ་ཡོངས་ཚོགས་ཆེན་དེར་སིད་ནི་བོད་རིགས་མཐུན་ཚོགས་དང་། མེལ་སྦོན་བོད་རིགས་མཐུན་ཚོགས། ཁེན་བྷེ་ར་བོད་རིགས་མཐུན་ཚོགས། སྦིལ་སི་སྦན་བོད་རིགས་མཐུན་ཚོགས། ནུབ་རྭ་བོད་རིགས་མཐུན་ཚོགས། ནིའུ་ཁའ་སི་བོད་རིགས་མཐུན་ཚོགས་བཅས་བོད་རིགས་མཐུན་ཚོགས་ཁག་དྲུག་ནས་ཚོགས་བཅར་འཐུས་མི་ ༢༠༠ མ་ཟིན་ཙམ་ཉིན་གཉིས་རིང་གི་རྒྱལ་ཡོངས་ཚོགས་འདུར་མཉམ་ཞུགས་ཞུས་ཡོད་པ་མ་ཟད། གོ་སྐབས་དེ་དང་བསྟུན་ཕྱོགས་མཐའ་ཁག་གི་གཞོན་སྐྱེ་བར་དུ་རྐང་རྩེད་སྤོ་ལོ་དང་། ལག་རྩེད་སྤོ་ལོའི་འགྲན་བསྡུར་ཡང་གོ་སྒྲིག་ལེགས་པར་ཞུས་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་མེལ་སྦོན་གཙུག་ལག་སློབ་གཉེར་ཁང་གི་རྩེད་ཐང་དུ་ལག་རྩེད་སྤོ་ལོ་འགྲན་བསྡུའི་ནང་མཉམ་ཞུགས་གནང་མཁན་སིད་ནི་དང་། མེལ་སྦོན་གྱི་བུ་དང་བུ་མོའི་རུ་ཁག་བཞི་བར་རྩེད་འགྲན་འགོ་འཛུགས་ཞུས་པ་དང་། ཨོ་སི་ཀྲི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་མཆོག་ཆེད་དུ་བཅར་ཏེ་སྤོ་ལོ་འགྲན་བསྡུའི་ནང་མཉམ་ཞུགས་གཞོན་སྐྱེས་རྣམས་ལ་འགྲན་བསྡུར་དང་མཛའ་བརྩེའི་བར་གྱི་ངོ་བོ་དང་། དམིགས་བསལ་ད་ཐེངས་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ངོས་ནས་བོད་ཕྲུག་གཞོན་སྐྱེས་བུ་དང་བུ་མོའི་དབར་ཕན་ཚུན་ཐུག་འཕྲད་དང་ངོ་ཤེས་ཡོང་རྒྱུའི་སྡིངས་ཆ་གལ་ཆེན་པོ་ཞིག་བསྐྲུན་ཐུབ་པར་བསྔགས་བརྗོད་གནང་ཡོད།
སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དངོས་གྲུབ་རྒྱལ་མཚན་ལགས་དང་། དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་རྣམ་གཉིས་ཀྱི་གཙོ་སྐྱོང་འོག་ཚོགས་འདུ་དབུ་འཛུགས་གནང་ཡོད་ཅིང་། སྔ་དྲོའི་ཚོགས་འདུར་གཙོ་བོ་བོད་ཀྱི་སྐུ་ཚབ་དོན་གཅོད་སྐུ་ངོ་མཚོ་མགོ་ལྷག་པ་མཆོག་དང་། བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་མཆོག འཕྲོད་བསྟན་བཀའ་ཟུར་དཔལ་འབྱོར་ཚེ་རིང་མཆོག ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་བཅས་ཀྱི་རིམ་བཞིན་སོ་སོའི་ལས་དོན་དང་ལས་འགུལ་སྤེལ་ཕྱོགས་སྐོར་གསུང་བཤད་གནང་ཡོད་པ་དང་།
དེ་ནས་རིམ་བཞིན་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དང་། ས་གནས་བོད་རིགས་མཐུན་ཚོགས་ཁག་གི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས། དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་རྒྱ་མི་རིགས་མཉམ་དུ་འབྲེལ་བ་གནང་ཕྱོགས་སྐོར་བཀའ་སློབ་གནང་གྲུབ་བསྟུན། བོད་རིགས་མཐུན་ཚོགས་ཁག་གི་གལ་ཆེའི་ལས་དོན་བྱེད་ཕྱོགས་དང་། གལ་ཆེའི་ལས་འགུལ་སྤེལ་ཕྱོགས་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད།
ཕྱི་དྲོ་ཆུ་ཚོད་ ༥།༣༠ ནས་ ༧།༣༠ བར་མུ་མཐུད་གཞོན་སྐྱེས་རྩེད་འགྲན་རུ་ཁག་བར་གྱི་རྐང་རྩེ་སྤོ་ལོ་འགྲན་བསྡུར་གནང་བ་དང་། ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར་དཔལ་ལྡན་སྐུ་ངོ་དོན་གཅོད་མཚོ་མགོ་ལྷག་པ་མཆོག་ནས་ ༢༠༡༨ ལོ་དེ་བཞིན་ཐུགས་རྗེ་ཆེ་ཞུའི་ལོར་དཔལ་ལྡན་བཀའ་ཤག་ནས་གཏན་འབེབས་གནང་དགོས་དོན་དང་། ཨོ་སི་ཀྲི་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཞུའི་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་འཆར་གཞི་འགྲེལ་བཤད་གནང་ཟིན་མཚམས། ཚོགས་ཞུགས་འཐུས་མི་རྣམས་ཚོགས་ཆུང་ཁག་བཞིར་བགོས་ནས་ཚོགས་འདུའི་བརྗོད་གཞི་ཁག་དང་འབྲེལ་བའི་སྐོར་བགྲོ་གླེང་སྦྱངས་བཤད་ཞུས་ཡོད།
ད་ཐེངས་རྒྱལ་ཡོངས་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ཁག་ལྔ་ཙམ་ཡོད་ཅིང་། དེ་དག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྤེལ་ཞུ་ཕྱོགས་དང་། བོད་དོན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས། བོད་རིགས་མཐུན་ཚོགས་ཁག་སྲ་བརྟན་དང་ནུས་ལྡན་བཟོ་ཐབས། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་སྤྱི་དང་། ལྷག་པར་ཆིབས་བསྒྱུར་སྐབས་སོ་སོར་རྒྱལ་ཡོངས་དང་། ས་གནས་བོད་རིགས་མཐུན་ཚོགས་ཀྱིས་ཞུ་སྒོ་ཇི་དགེ། ཨོ་གླིང་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་ཕྱོགས་དང་། འགྲོ་སོང་འདུ་འགོད་ཞུ་ཕྱོགས་སོགས་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད་པ་མ་ཟད། ཉིན་རྒྱབ་ཚོགས་ཆེན་ཐོག་ཚོགས་ཆུང་སོ་སོའི་གྲུབ་དོན་སྙན་ཐོ་ཁག་གཞིར་བཟུང་གྲོས་ཆོད་ཁག་ཀྱང་གཏན་འབེབས་ལེགས་པར་ཞུས་ཡོད།
ཕྱི་དྲོ་ཆུ་ཚོད་ ༥།༣༠ ནས་རྐང་རྩེད་སྤོ་ལོ་འགྲན་བསྡུར་རུ་ཁག་བར་མཐའ་མའི་འགྲན་བསྡུར་གནང་སྟེ། ལག་རྩེད་སྤོ་ལོ་བུ་དང་བུ་མོ་གཉིས་ཀའི་ཨང་དང་པོ་སིད་ནི་རུ་ཁག་ལ་འཐོབ་པ་དང་། རྐང་རྩེད་སྤོ་ལོ་དར་མ་རུ་ཁག་མེལ་སྦོན་ལ་འཐོབ་པ། གཞོན་སྐྱེས་རུ་ཁག་སིད་ནི་ལ་འཐོབ་པ་བཅས། དགོང་དྲོ་ཆུ་ཚོད་བརྒྱད་པར་དཔལ་ལྡན་སྐུ་ངོ་དོན་གཅོད་མཆོག་ནས་རྒྱལ་ཁའི་དཔའ་རྟགས་རུ་ཁག་སོ་སོར་གནང་བ་མ་ཟད། རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱིས་ཞལ་ལག་གོ་སྒྲིག་གནང་ཡོད་པ་ལྟར། མི་ཚོགས་ཕོན་ཆེ་འཛོམས་ནས་དགའ་སྤྲོ་དང་བཅས་མཚན་མོ་ཆུ་ཚོད་བཅུ་གཅིག་ཙམ་བར་དུ་བོད་ཀྱི་ཐུན་མིན་གཞས་དང་ཞབས་བྲོར་རོལ་པ་བཅས། །