༢༠༡༨ ཟླ་ ༤ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྲིད་བློན་ཆེས་ཐོག་མ་པཎྜི་ཏ་ནེ་རུ་མཆོག་གི་རྗེས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ནས་ཚོགས་བཅར་བ་མི་གྲངས་ ༣༠༠ བརྒལ་བར་བཀའ་སློབ་སྩལ་འདུག
དེ་ཡང་ཚོགས་ཁང་ནང་ཆིབས་སྒྱུར་མ་བསྐྱང་གོང་ཐོག་མར་༸གོང་ས་མཆོག་གིས་དོན་གཉེར་བ་ཁག་གཅིག་ལ་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ་དོན།
ང་ཚོའི་མཐར་ཐུག་དམིགས་ཡུལ་ནི་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ལ་ཕན་ཐོགས་ཇི་ལྟར་བྱ་རྒྱུའི་ཐད་བསམ་བློ་གཏོང་རྒྱུ་དང་། དེ་ཡང་གཙོ་བོ་རེ་དོགས་ཀྱིས་མཚོན་རྣམ་རྟོག་ལུ་གུ་རྒྱུད་ནས་ཡོང་བཞིན་པ་དེ་དག་ལ་གཉེན་པོ་བསྟེན་ཕྱོགས་ཀྱི་ཐབས་ལམ་ངོ་སྤྲོད་བྱས་པ་བརྒྱུད་བསམ་བློ་ཕྲན་བུ་ཞི་བདེ་བག་ཕེབས་བཟོ་ཐབས་བྱ་རྒྱུ་དེ་རེད། ཇི་ཙམ་གྱིས་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཁོ་ནར་དམིགས་པ་དང་། གོ་མཚོན་གྱི་ནུས་པ་ཆེ་རུ་བཏང་བ་དེ་ཚོད་ཀྱིས་འཇིག་སྣང་ཆེ་རུ་འགྲོ་རྒྱུ་རེད། དེང་སྐབས་འཛམ་གླིང་ནང་མིའི་བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་དུས་སྐབས་འདིར་རྒྱ་གར་སྲོལ་རྒྱུན་གྱི་ཞི་གནས་དང་ལྷག་མཐོང་ཉམས་ལེན་གཙོ་བོར་གྱུར་བའི་སེམས་རྒྱུད་འདུལ་ཐབས་ཀྱི་ཐབས་ལམ་དེ་དག་དགོས་མཁོ་ཧ་ཅང་འདུག ཕྲུ་གུ་ཆུང་ཆུང་ཕན་ཚུན་འཛུམ་མདངས་ཀྱི་རྣམ་འགྱུར་སྟོན་རས་བྱུང་ན་ལམ་སང་ཕན་ཚུན་དགའ་པོའི་ཐོག་ནས་རྩེད་དགར་རོལ་བ་མ་གཏོགས་རྒྱལ་ཁབ་དང་མི་རིགས། དབུལ་ཕྱུག་སོགས་ཀྱི་ཁྱད་པར་གང་ཡང་མེད། འོན་ཀྱང་རིམ་བཞིན་ང་ཚོ་ནར་སོན་སྐབས་གཙོ་བོ་ཤེས་ཡོན་ཐོག་ནས་ཕན་ཚུན་མི་འདྲ་བ་ཕྲན་བུ་ཡོད་པའི་རིམ་པ་གཉིས་པའི་གནས་སྟངས་ལ་གཙིགས་ཆེར་འཛིན་རྒྱུའི་བསམ་བློ་དེ་སླེབས་པར་བརྟེན་རྙོག་གྲ་ཚང་མ་དེའི་ཐོག་ནས་ཡོང་བཞིན་ཡོད། རྙོག་གྲ་དེ་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པ་མ་གཏོགས་ས་ཁུལ་བྱེ་བྲག་པ་གཅིག་ལ་ཁྱབ་པ་དེ་འདྲ་མ་རེད།
བོད་བརྒྱུད་ནང་བསྟན་ལྟ་བུར་མཚོན་ནའང་ཆོས་ལུགས་འཐེན་འཁྱེར་གྱི་རྙོག་གྲ་བྱུང་ཡོད། འགྲོ་བ་མི་གཅིག་གྱུར་ཡིན་པ་དེ་བརྗེད་པ་ཙམ་མ་ཟད། ནང་པ་གཅིག་གྱུར་ཡིན་པ་དེའང་བརྗེད་པ་རེད། ད་ཆ་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་ཙམ་མ་ཟད། ནང་སེམས་རྒྱུད་འདུལ་ཐབས་ཀྱི་ཐབས་ལམ་ཐོག་ལའང་བསམ་བློ་གཏོང་དགོས་པའི་དུས་ལ་བབ་འདུག དེར་བརྟེན་ངོས་ཀྱིས་རྒྱ་གར་གནའ་རབས་སྲོལ་རྒྱུན་གྱི་ལེགས་བཤད་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད། ཐབས་ལམ་དེའང་ཆོས་ལུགས་བྱེ་བྲག་པ་གཅིག་གི་ཐབས་ལམ་ལྟ་བུ་མིན་པར་རིས་མེད་ཀྱི་ཐབས་ལམ་ཞིག་ལ་འགྲོ་ཐུབ། དཔེར་ན་དེང་སྐབས་རྩ་རླུང་སྒོམ་སྦྱོང་ལྟ་བུར་མཚོན་ན་ཆོས་ཀྱི་སྐད་ཆ་གང་ཡང་མེད་པར་རིས་མེད་ཐོག་ནས་ཉམས་ལེན་བྱེད་ཐུབ་པ་ཆགས་ཡོད། ཞི་ལྷག་གི་ཉམས་ལེན་ལ་བརྟེན་ནས་བློའི་ནུས་པ་ཆེ་རུ་གཏོང་ཐུབ་རྒྱུ་མ་ཟད། ལྷག་པར་ཀུན་སློང་གཞན་ཕན་གྱིས་རྩིས་ཟིན་ཐུབ་པ་བྱུང་ན་ནུས་པ་དེ་བས་ཆེ་བ་ཡོང་ཐུབ། ཅེས་བཀའ་སློབ་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་ནེ་རུ་རྗེས་དྲན་གྱི་འགྲེམས་སྟོན་དང་དཔེ་མཛོད་ཁང་ Nehru Memorial Museum and Library དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས། དེ་ཡང་ཏིན་མུརྟི་བསྟི་གནས་ཁང་དུ་Teen Murti House ༸ཞབས་སོར་འཁོད་སྐབས་དཔེ་མཛོད་ཁང་གི་ངེས་སྟོན་པ་ལྕམ་སྐུ་ཤཀྟི་སིནྷ་ Shakti Sinha ལགས་དང་། གདན་ཞུ་གོ་སྒྲིག་ཚོགས་ཆུང་ Antar Rashtriya Sahayog Parishad གི་སྐུ་ཚབ་སྐུ་ཞབས་ཝི་རེནྡྲ་གུཔྟཱ་ Virendra Gupta ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་རྒྱ་གར་གྱི་གསར་འགོད་པ་ཟུར་པ་དང་པར་པ་སྐུ་ཞབས་ཝི་ཛཡཱ་ཀརནཏི་ Vijay Kranti ལགས་ཀྱིས་ཚོགས་བཅར་བ་མི་གྲངས་ ༣༠༠ བརྒལ་བར་འཚམས་འདྲི་དང་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་ཞུས།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་མཆེད་ཕོ་མོ་རྣམ་པ། ཁྱེད་ཚོ་དང་ལྷན་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་ཐོབ་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། འདིར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེས་བཀའ་སློབ་ཀྱི་ཐོག་མར་ལེགས་སྦྱང་དང་བཟང་སྤྱོད་ཐོག་ནས་ཞི་བདེ་དང་འཆམ་མཐུན་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ་དོན། ལེགས་སྦྱང་ནི་མིའི་འཚོ་བའི་གོམས་གཤིས་ཐོག་ནས་དར་ཞིང་གནམ་གཤིས་ཀྱི་ཤུགས་རྐྱེན་ཡང་ཤུགས་ཆེ་ཡོད། མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཁྲོད་ལོ་རྒྱུས་ནང་གྲགས་ཆེ་བ་ཨི་ཇིབ་དང་རྒྱ་ནག རྒྱ་གར་སོགས་ཡོད། འོན་ཀྱང་དེ་ཚོའི་ཁྲོད་ནས་མིའི་རྣམ་དཔྱོད་ཕུལ་དུ་བྱུང་བ་དང་ཆོས་པ་ཚད་ལྡན་མང་ཤོས་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་ནང་བྱུང་འདུག ངོས་རང་རྒྱ་གར་སྲོལ་རྒྱུན་དཔལ་ནཱ་ལེནྡཱའི་ལེགས་བཤད་ལ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཞིག་ཡིན།
དེར་བརྟེན་མགོན་པོ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད་ལྟ་བུ་རྒྱ་གར་གནའ་རབས་ཀྱི་རིག་པ་དང་ལྟ་གྲུབ་སྨྲ་བ་དེ་དག་ངོ་མཚར་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཀྱི་འདུག ཚད་མའི་གཞུང་ལ་མཚོན་ན་ཕྱོགས་གླང་དང་ཆོས་གྲགས་ཧ་ལས་པའི་མཁས་པ་རེད། དུས་རབས་ ༨ ནང་བོད་ཀྱི་ཆོས་རྒྱལ་གྱིས་མཁན་ཆེན་ཞི་བ་ཚོ་གདན་འདྲེན་ཞུས་ཡོད།
མཁན་ཆེན་ཞི་བ་འཚོ་སྐབས་དེར་རྒྱ་གར་ནཱ་ལེནྡཱ་གཙུག་ལག་སློབ་ཁང་ནང་མཁས་པའི་ཁྱུ་མཆོག་ཡིན་འདུག ཁོང་དང་ཁོང་གི་སློབ་མའི་གཙོ་བོ་ཀ་མ་ལ་ཤཱི་ལས་གཙོ་བོ་རིག་པ་དང་རྒྱུ་མཚན་ལ་གཞི་བཅོལ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མ་དར་འཕེལ་མཛད་ཡོད། རྒྱ་གར་རྡུལ་ཕྲན་དངོས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་རཱ་ཇཱ་རཱ་མ་ན་ Raja Ramana ལགས་ཞུ་བ་ཁོང་གིས། ཐེངས་ཤིག་ངོས་ལ་ “ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེང་སྐབས་གསར་པ་ལྟ་བུར་སྣང་ཡང་རྒྱ་གར་ནང་ལོ་ངོ་སྟོང་གི་གོང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ནང་རྣམ་གཞག་དེ་དག་གསལ་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་གཙོ་བོ་རིག་པའི་ལམ་ནས་ཆོས་རྣམས་ཀྱི་དོན་དམ་གྱི་གནས་ལུགས་གཏན་ལ་འབེབས་བཞིན་ཡོད་སྟབས་ངས་ཆོས་སྟོན་པ་ཙམ་ཞིག་མིན་པར་རིག་པ་སྨྲ་བ་ཞིག་དང་ཚན་རིག་པ་ཞིག་ཀྱང་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། “ཅེས་གསུང་བྱུང་།
ཆོས་རྣམས་ཀྱི་དོན་དམ་གྱི་གནས་ལུགས་གསུང་པའི་ཁར་སྐྱེ་འགྲོ་ཡོངས་ལ་བྱམས་པ་དང་སྙིང་རྗེས་ཁྱབ་ཐུབ་པ་གསུང་ཡོད། ཁོང་གི་གསུང་པའི་བཀའ་དེ་དག་ད་ལྟའི་འཛམ་གླིང་གི་གནས་སྟངས་དང་ཁ་ཡོད་ལག་ཡོད་ཀྱི་འབྲེལ་བ་དང་ཕན་ཐོགས་ཧ་ཅང་ཡོད་པ་ཞིག་རེད། ཞི་ལྷག་གི་ཉམས་ལེན་ནི་སྟོན་པ་འཇིག་རྟེན་ཁམས་སུ་མ་བྱོན་པའི་སྔོན་ནས་རྒྱ་གར་ནང་དར་སྲོལ་ཡོད། སྟོན་པས་ཀྱང་ལོ་དྲུག་དཀའ་སྤྱད་སྐབས་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམས་ཡོད། ཅེས་དང་།
གཞན་ཡང་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་སྲོལ་རྒྱུན་ནང་སྙིང་རྗེ་ Karuna གལ་ཆེར་འཛིན་བཞིན་ཡོད་པ་མ་ཟད། སྙིང་རྗེ་གཞི་རྩར་གྱུར་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དར་སྲོལ་ཡོད་པ་འདི་ངོ་མཚར་ལྡན་པ་ཞིག་རེད་འདུག དེ་ལ་བརྟེན་ནས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐུབ་པ་མ་ཟད། ཆོས་ཁས་མི་ལེན་མཁན་ལའང་གུས་བརྩི་ཞུ་རྒྱུའི་ལམ་སྲོལ་འདི་ཧ་ཅང་ཕན་ཐོགས་འདུག དེང་སྐབས་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་མང་པོ་འཆམ་མཐུན་ངང་འཚོ་གནས་བྱེད་ཐུབ་པའི་མིག་དཔེ་བཟང་ཤོས་རྒྱ་གར་ཆགས་ཡོད།
འཚེ་མེད་ཞི་བ་ལས་ལྡོག་སྟེ་དམག་རྒྱག་རྒྱུ་ཟེར་བ་ད་ཆ་དུས་ཚོད་ཡོལ་ཟིན་པ་དང་། དེང་སྐབས་མང་གཙོའི་རིང་ལུགས་ཐོག་སྐྱོད་བཞིན་པའི་འཛམ་གླིང་སྤྱི་ཚོགས་འདིའི་ནང་མི་ཚང་མའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས། འཛམ་གླིང་འདི་འགྲོ་བ་མི་གྲངས་ཐེར་འབུམ་བདུན་ཡོད་པ་རྣམས་ལ་བདག་པ་རེད། སྔ་མོ་གདོད་མའི་དུས་སྐབས་སུ་ལུང་ཚན་སོ་སོར་བྱས་ནས་ཕན་ཚུན་འབྲེལ་མེད་ཐོག་གནས་ཐུབ་ཡོད་ཀྱང་། དེང་སྐབས་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་ཧ་ཅང་བརྟེན་ནས་འཚོ་དགོས་པའི་དུས་ཤིག་ཆགས་ཡོད། དཔེར་ན། གོ་ལའི་གནམ་གཤིས་ཀྱི་དཀའ་ངལ་ལྟ་བུར་མཚོན་ན་ང་ཚོ་ཚང་མས་མཉམ་མཐུན་གྱི་འགན་འཁྱེར་ནས་གདོང་ལེན་བྱེད་དགོས་པ་ཆགས་ཡོད། དཀའ་ངལ་དེ་དག་སྤྱི་ལ་ཁྱབ་ཡོད། དཔེར་ན་དེང་སྐབས་བོད་ནང་གི་རི་རྒྱུད་དེ་དག་ཐོག་གངས་བབ་རྒྱུ་ཉུང་དུ་ཕྱིན་འདུག དྷ་སར་མཚོན་ནའང་དེ་སྔ་གངས་ཤུགས་ཆེ་བརྒྱབ་ཀྱང་དེང་སྐབས་གངས་རྒྱག་རྒྱུ་ཧ་ཅང་ཉུང་དུ་ཕྱིན་འདུག དེར་བརྟེན་ཆུའི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་ཡོད།
ཨ་ཕི་རི་ཀའི་ནང་ལ་མཚོན་ན་དབུལ་ཕྱུག་བར་ཁྱད་ཧ་ཅང་ཆེན་པོ་ཡོད་ཁར་ད་ཆ་ཆུ་མ་འདེང་པའི་དཀའ་ངལ་འཕྲད་བཞིན་ཡོད། སྤྱི་ཚོགས་རིང་ལུགས་ཡིན་ཚུལ་སྙོན་བཞིན་པའི་རྒྱ་ནག་ནང་དུའང་དབུལ་ཕྱུག་བར་ཁྱད་ཆེ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དག་གཙོ་བོ་གཞན་གྱི་བདེ་སྡུག་ལ་བསམ་བློ་མ་བཏང་བར་བརྟེན་ཡོང་བཞིན་ཡོད། དཀའ་ངལ་དེ་དག་སེལ་བར་ང་ཚོས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་པ་དགོས། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་སྟབས། རང་དོན་སྒྲུབ་རྒྱུའི་ཐབས་ལམ་མཆོག་ནི་གཞན་གྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུ་དེ་རེད། བསམ་བློ་དེས་རང་ཉིད་ལ་གྲོགས་པོ་གྲོགས་མོ་མང་བ་ཡོང་རྒྱུ་ཙམ་མ་ཟད། ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཧ་ཅང་ཡོད། རང་ཉིད་དྲང་པོ་དྲང་བཞག་དང་བསམ་པ་རྣམ་དག་བྱས་པ་ཡིན་ན་གཞན་གྱིས་རང་ལ་ཡིད་ཆེས་བྱེད་རྒྱུ་དང་། ཡིད་ཆེས་བྱུང་ན་གྲོགས་པོ་བློས་ཐུབ་ཆགས་ཐུབ། ང་ཚོས་སྨོན་ལམ་བརྒྱབ་ནས་འཛམ་གླིང་ནང་བྱམས་བརྩེ་དང་འཚེ་མེད་ཞི་བ་སྒྲུབ་ཐབས་མེད། ངོ་ཐོག་ལག་ལེན་གྱི་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བ་སོགས་སྒྲུབ་ཐུབ།
དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་དང་ལྷན་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཆེད་བློའི་རྣམ་གཞག་དང་བྱེད་ལས་དེ་དག་སྐོར་ངེས་པར་དུ་ཤེས་དགོས། ང་ཚོས་ལུས་པོའི་འཕྲོད་བསྟེན་ལ་དོ་སྣང་བྱེད་པ་ལྟར་བསམ་བློའི་འཕྲོད་བསྟེན་ལའང་དོ་སྣང་བྱེད་དགོས། དེ་ལྟར་བྱུང་ན་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་ཐུབ། ངོས་ཀྱི་བསམ་པར་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དང་དེང་དུས་ཕྱི་དངོས་པོའི་མཐུན་རྐྱེན་གོང་མཐོར་གཏོང་རྒྱུའི་ཤེས་ཡོན་གཉིས་ཟུང་འབྲེལ་བཟོ་དགོས་ན་རྒྱ་གར་ཁོ་ནས་བྱེད་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ།
བོད་མིའི་གནད་དོན་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ང་ཚོས་བོད་རང་བཙན་རྩོད་ཀྱི་མེད། བྱུང་རབས་ལོ་རྒྱུས་ཐོག་ནས་ལྟ་སྐབས་དུས་རབས་བདུན་པ་དང་བརྒྱད་པ། དགུ་པ་བཅས་ནང་རྒྱ་ཧོར་བོད་གསུམ། ཞེས་རྒྱལ་སྲིད་ཀྱི་མངའ་ཐང་དང་དཔལ་འབྱོར་ལོངས་སྤྱོད་སོགས་འདྲ་འདྲ་ཡིན་པའི་སྟོབས་ཆེན་རྒྱལ་ཁབ་གསུམ་གྲགས་ཡོད། རྒྱ་ནག་མཁས་པ་ཞིག་གིས་ངོས་ལ་བརྗོད་པ་ལྟར་ན་རྒྱ་ནག་ཐང་རྒྱལ་བརྒྱུད་ནས་མན་ཇུ་གོང་མའི་བོད་རྒྱ་ཁོངས་ཡིན་ཟེར་བའི་ཡིག་ཆ་གཅིག་ཀྱང་མཐོང་རྒྱུ་མེད་ཚུལ་བརྗོད་བྱུང་།
འདས་པའི་ལོ་རྒྱུས་ནི་འདས་ཟིན་པ་རེད། བོད་ལ་མཚོན་ན་དེ་སྔ་རང་བཙན་གཙང་མའི་རྒྱལ་ཁབ་རེད། རྒྱ་གར་ཤེས་ལྡན་མི་སྣ་གྲགས་ཅན་སྐུ་ཞབས་ལོ་ཀེཤ་ཅནདྲ་ལགས་ཀྱིས་གསུང་པ་ལྟར་ན། ས་བབ་ཆགས་སྟངས་ལ་བལྟས་ཀྱང་བོད་ནི་རྒྱ་དཀར་ནག་གཉིས་ལས་ལོགས་སུ་ཐོན་ཞིང་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་རྣམ་པ་ཧ་ཅང་གསལ་པོ་ཡོད་ཚུལ་གསུངས།
ད་ཆ་ང་ཚོ་དུས་རབས་ ༢༡ ནང་ཡོད་སྟབས་བོད་མི་ཚོས་ཀྱང་ཡུ་རོབ་སྤྱི་མཐུན་སྒྲིག་འཛུགས་ལས་མིག་དཔེ་ལེན་ཐུབ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རང་སྐྱོང་ཁུལ་དང་། བོད་རང་སྐྱོང་ལྗོངས་སོགས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ལོགས་སུ་ངོས་འཛིན་བྱས་ནས་བོད་མིའི་ཆོས་དང་ལེགས་སྦྱང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་བྱེད་པ་ཡིན་ན། ང་ཚོ་རྒྱ་ནག་དང་མཉམ་དུ་སྡོད་ཐུབ་རྒྱུ་རེད། དཔལ་འབྱོར་འཛུགས་སྐྲུན་ཐོག་ནས་ང་ཚོས་རྒྱ་ནག་ལས་ཁེ་ཕན་ཐོབ་རྒྱུ་དང་། རྒྱ་ནག་གིས་བོད་མི་སར་ནས་ནང་ཆོས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་སྟབས་གཉིས་ཕན་ཡོང་ཐུབ། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་མཛད། མཛད་སྒོ་གྲོལ་མཚམས་ཚོགས་ཁང་གི་ཕྱི་རོལ་དུ་བོད་མི་མཇལ་བཅར་བ་རྣམས་ལ་མཇལ་ཁ་སྩལ་རྗེས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས། །