༢༠༡༨ ཟླ་ ༤ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་ཀྱི་ཟློས་གར་ཚོགས་པས་གཙོས་རྒྱ་གར་དང་བལ་ཡུལ་ཁུལ་གྱི་ས་གནས་ལྷ་མོ་ཚོགས་པ་ཁག་བཅུ་གཅིག་གི་ལྷ་མོ་འཁྲབ་སྟོན་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་སྐུ་དཔར་ལྷན་བསྒྲོན་རྗེས་བཀའ་སློབ་སྩལ་དོན།
ཁ་སྔོན་ཐོག་མའི་འཆར་གཞི་ལྟར་ན་ཕྱི་ཚེས་ ༢༥ ཉིན་ངོས་རང་ལྡི་ལི་ནས་ཡར་འཁོར་མཚམས་ཁྱེད་རང་ཚོ་དང་ཐེངས་གཅིག་ཐུག་རྒྱུ་བྱས་པ་ཡིན། འོན་ཀྱང་སྐབས་དེར་བྲེལ་བ་ཚ་པོ་ཆགས་མི་ཡོང་ངམ་བསམ་པ་དྲན་བྱུང་། གལ་སྲིད་གནམ་གྲུ་ཆུ་ཚོད་ཕྱེད་ཀ་དང་གཅིག་དེ་འདྲ་འགྱང་པ་ལྟ་བུ་བྱུང་ན་དཀའ་ངལ་རེད། དེ་ལས་དེ་རིང་འདིར་འཁྱུག་ཙམ་ཐུག་ན་བསམ་པ་དྲན་བྱུང་། ཁྱེད་རང་ཚོ་ཚང་མ་བོད་ཀྱི་རིག་གཞུང་གི་ཆ་ཤས་ཟློས་གར་དང་། གཙོ་ཆེ་ཤོས་ལྷ་མོའི་ཟློས་གར་ནི་བོད་རང་ལ་མ་གཏོགས་ཕལ་ཆེར་མེད་པའི་བཟོ་འདྲ་ཞིག་འདུག ཁྱེད་རང་ཚོས་ལྷ་མོའི་ཟློས་གར་རྒྱུན་འཛིན་བྱས་པ་ཙམ་མ་ཟད། ས་ཁུལ་ཁག་མང་པོ་ཞིག་ལ་ལྷ་མོའི་ཟློས་གར་བཙུགས་ཡོད། ཁྱེད་རང་ཚོ་བོད་གངས་ཅན་ལྗོངས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྗེས་འབྲང་སྐད་ཡིག་ཟུར་གསལ་ཡོད་པ་དེའི་ནང་འཛམ་གླིང་འདིའི་སྟེང་དགོས་མཁོ་ཆེ་བ་ཡོད་པ། སངས་རྒྱས་པའི་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་ཟེར་རྒྱུ་ནི། འཛམ་གླིང་འདིའི་སྟེང་དགོས་མཁོ་ཡོད་པ་ཧ་ཅང་གསལ་པོ་རེད་འདུག
ངོས་རང་ད་ཆ་ལོ་ ༨༢ སླེབ་ཡོད། ད་བར་མི་མང་པོ་ཞིག་དང་ཐུག་ནས་ཉམས་མྱོང་གང་ཙམ་བསགས་ཡོད་སྟབས་བོད་ལ་ཡོད་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོའི་གྲས་ནི་འཛམ་གླིང་འདིའི་སྟེང་དགོས་མཁོ་ཡོད་པ་ཧ་ཅང་གསལ་པོ་རེད་འདུག རྩ་བའི་འབྱུང་ཁུངས་རྒྱ་གར་རེད། འོན་ཀྱང་རྒྱ་གར་ནང་དེ་དག་བདག་པོ་བརྒྱབ་ཐུབ་མེད། ངོས་ཀྱིས་དེང་སྐབས་རྒྱ་གར་བ་ཚོར་རིག་གཞུང་འདི་བདག་པོ་རྒྱག་དགོས་རེད། ཅེས་བརྗོད་ཀྱི་ཡོད། ང་རང་ཚོ་བོད་ལ་གཙོ་ཆེ་ཤོས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ནས་བཟུང་སྟེ་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྲས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུས། ཕྱིས་སུ་རྒྱའི་མཁན་པོ་དེ་གྲས་ཀྱིས་རྩོད་པ་ཕྲན་བུ་བྱུང་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མི་རྟག་པ་སྒོམ་པ་གཅིག་པུས་འགྲིག་གི་རེད་མ་གཏོགས་སློབ་སྦྱོང་བྱེད་དགོས་མ་རེད། ཅེས་རྒྱའི་མཁན་པོ་དེ་འདྲའི་ཤུགས་རྐྱེན་གང་ཙམ་བྱུང་བ་རེད།
སློབ་དཔོན་ཀ་མ་ལ་ཤཱི་ལ་ནི་མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་རེད། སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་འདྲེན་ཞུ་ཤོག་ཅེས་མཁན་ཆེན་ཞི་བ་འཚོས་ཞལ་ཆེམས་གནང་སྟེ་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་ལ་ཕེབས་པ་རེད། ཞི་འཚོ་ཡབ་སྲས་གཉིས་ཧ་ཅང་མཁས་པ་རེད་འདུག དཔལ་ནཱ་ལེནྡྲའི་མཁས་པ་རེད། གང་ལྟར་ཀླུ་སྒྲུབ་ཀྱི་གཞུང་དབུ་མའི་ལྟ་གྲུབ་འཛིན་མཁན། ཕྱོགས་གླང་ཆོས་གྲགས་ཀྱི་དགེ་ཕྲུག་བྱས་ནས་ཚད་མའི་གཞུང་སྐོར་ཧ་ཅང་མཁས་པ་རེད་འདུག དེ་གཉིས་བོད་ལ་གདན་ཞུ་གནང་། མཁན་ཆེན་ཞི་བ་འཚོ་རང་ཉིད་བཞུགས་པའི་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་ནས་བསམ་ཡས་གཙུག་ལག་ཁང་དུ་གླིང་མང་པོ་ཞིག་འདུག རྣམ་དག་ཚུལ་ཁྲིམས་གླིང་ཟེར་རྒྱུ་ཞིག་ཡོད་པ་དེར་མཁན་ཆེན་ཞི་བ་འཚོས་དགེ་ཚུལ་སློང་གི་སྡོམ་པ་འབོག་ཆོག་གནང་རྒྱུ་དེ་ཚོའི་གྲས་གཙོ་བོ་གནང་འདུག
དེ་ནས་སྒྲ་བསྒྱུར་ལོ་པཎ་གླིང་། ཞེས་དཔེ་ཆ་བསྒྱུར་རྒྱུ་དེ་ཚོའི་ཐོག་ལ་གཙོ་བོ་འགན་འཁུར་མཁན་ཞིག་སྒྲ་བསྒྱུར་ལོ་པཎ་གླིང་ཟེར་བ་ཞིག་དང་། དེ་ནས་དགེ་འདུན་སྔགས་པ་གླིང་། ཟེར་བ་ཞིག་ཡོད་འདུག རྒྱ་གར་ལ་སྔགས་པ་ཕལ་ཆེར་མེད། གྲུབ་ཆེན་ཚོ་མི་མེད་ལུང་སྟོང་ནགས་གསེབ་ཏུ་བཞུགས་པ་མ་གཏོགས་དེ་འདྲའི་སྔགས་པའི་སྒྲིག་འཛུགས་དང་གྲྭ་ཚང་བཙུགས་པ་དེ་འདྲ་གང་ཡང་བྱུང་མེད། བོད་ལ་དགེ་འདུན་སྔགས་པ་གླིང་ཞེས་སྔགས་པ་གྲྭ་ཚང་ཞིག་བཙུགས། བསམ་གཏན་མི་གཡོ་བ་རྩེ་གཅིག་ཏུ་སྒོམ་སླད་མི་གཡོ་བསམ་གཏན་གླིང་ཟེར་རྒྱུ་ཞིག་འདུག མཁན་ཆེན་ཞི་བ་འཚོ་རང་ཉིད་བཞུགས་པའི་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ་དེའི་ནང་འདི་ལྟར་ཡོད།
རིམ་པས་མི་གཡོ་བསམ་གཏན་གླིང་ནང་ཡོད་པའི་རྒྱའི་མཁན་པོ་རིགས་གཅིག་གིས་རིམ་བཞིན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྒོམ་བརྒྱག་རྒྱུ་ཁོ་ན་མ་གཏོགས་སློབ་སྦྱོང་བྱེད་དགོས་མ་རེད། ཅེས་དེ་འདྲའི་ལྟ་ཚུལ་འཛིན་མཁན་བྱུང་འདུག དེང་སྐབས་སུའང་ཉི་ཧོང་ནང་དེ་འདྲ་འདུག ངོས་ལ་དེ་འདྲའི་ལྟ་ཚུལ་འཛིན་མཁན་ཐུག་བྱུང་། ཉི་ཧོང་ནི་ནང་པའི་ལུང་པ་རེད། དགོན་པ་དང་ལྷ་ཁང་ཧ་ཅང་མང་པོ་ཡོད་པ་རེད། ཐེངས་ཤིག་ཉི་ཧོང་གི་ཆོས་པ་དེ་འདྲས་ངོས་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མི་རྟག་པ་སྒོམ་པ་ཙམ་གྱི་འགྲིག་གི་མ་རེད་དམ། སློབ་སྦྱོང་བྱེད་དགོས་པ་གང་ཡོད་དམ། ཞེས་སྐད་ཆ་དྲིས་བྱུང་། འདི་འགྲིག་གི་མ་རེད་ཅེས་བརྗོད་པ་ཡིན།
སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཐོས་བསམ་སྒོམ་གསུམ་ཟེར་རྒྱུ་འདི་ཡ་མ་བྲལ་བའི་ཐོག་ནས་འགྲོ་དགོས་རེད་ཟེར་རྒྱུ་ཞིག་བཤད་རྒྱུན་ཡོད་པ་དེ་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱི་བཀའ་དྲིན་རེད། དེ་དུས་ཆོས་རྒྱལ་དབུས་སུ་བཞུགས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་ཁྲིད་པའི་ཚོ་ཁག་གཅིག་གིས་རྒྱའི་མཁན་པོ་དང་མཉམ་དུ་རྩོད་པ་བྱས་པ་རྣམས་ཡིག་ཐོག་བཀོད་པ་དེ་དག་དེང་སྐབས་ང་ཚོས་མཐོང་བཞིན་པ་སྒོམ་རིམ་ཐོག་མཐའ་བར་གསུམ་ཟེར་བ་འདི་རེད། སྒོམ་རིམ་དང་པོ། གཉིས་པ། མཐའ་མ་ཞེས་པ་དེ་རེད། ངོས་ཀྱིས་འདིའི་བཤད་ལུང་ཕྲན་བུ་འདོན་གྱི་ཡོད།
འདི་མཛད་མཁན་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་འབྲི་རོགས་གནང་ཞེས་གསོལ་འདེབས་ཞུ་མཁན་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རེད། མཛད་ཡུལ་ནི་ཕལ་ཆེར་བསམ་ཡས་རེད། གང་ལྟར་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་དུས་དེང་སྐབས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་བསྟན་པ་འདི་འཛམ་གླིང་འདིའི་སྟེང་སུ་གཅིག་ལ་མེད་པའི་སངས་རྒྱས་པའི་ཆོས་འགྲེལ་བཤད་རྒྱག་དུས་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་རྒྱུ་ཞིག་དང་། སེམས་ཁམས་རིག་པ་དང་ཚད་མ་རིག་པ་འབྲེལ་ནས་ཤོད་སྐབས་དེང་སྐབས་ཚན་རིག་པ་ཚོས་ཀྱང་དགའ་མོས་ཆེན་པོ་བྱེད་རྒྱུ་ཞིག་ཆགས་ཡོད།
སྤྱིར་ཚན་རིག་པ་ཚོས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་དང་། སྐྱེ་བ་སྔ་ཕྱི་ཟེར་བ་དེ་ཚོའི་གྲས་ལ་ཐེ་ཚོམ་བྱེད་ཀྱི་རེད། འོན་ཀྱང་བོད་ཀྱི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་ལྟ་གྲུབ་དང་འབྲེལ་ནས་འཆད་ཡོང་སྐབས་ཚན་རིག་པའི་ནང་ནས་མཁས་པ་དེ་འདྲས་སངས་རྒྱས་པའི་ཆོས་ཟེར་རྒྱུ་འདི་ཨིན་སྐད་ནང་ Religion ཟེར་རྒྱུ་དེ་རེད་མི་འདུག སངས་རྒྱས་པའི་ཆོས་ནི་སེམས་ཀྱི་ཚན་རིག་ Science of Mind རེད་འདུག ཅེས་ངོས་ལ་དངོས་སུ་ཟེར་མཁན་དེ་འདྲའང་བྱུང་།
བོད་གངས་ཅན་ལྗོངས་ལ་དེ་འདྲའི་རིག་གཞུང་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དྲི་མ་མེད་པ་ཞིག་ང་ཚོས་བདག་པོ་རྒྱག་བཞིན་ཡོད། ང་ཆོ་བོད་པའི་རིག་གཞུང་གཙོ་བོ་འདི་རེད་འདུག སྤྱིར་འཛམ་བུ་གླིང་འདིའི་སྟེང་ཕྱི་ལ་ངོམ་རྒྱུ་ཡིན་ནའང་འདིའི་ཐོག་ནས་ངོམ་ཐུབ་དགོས་ཀྱི་འདུག རང་གི་སེམས་རྒྱུད་འདུལ་རྒྱུ་ཡིན་ནའང་འདིའི་ཐོག་ནས་སེམས་རྒྱུད་འདུལ་དགོས། སེམས་འཁྲུག་པ་དང་། རེ་དོགས་ཀྱི་རྣམ་རྟོག་མང་པོ་སྐྱེ་ཡོང་སྐབས་དེ་ཚོའི་གྲས་ནི། གང་ལྟར་སེམས་ཁམས་རིག་པ་དང་འབྲེལ་ནས་ལྷག་པར་སྟོང་ཉིད་ཀྱི་ལྟ་བ་བྱང་ཆུབ་ཀྱི་སེམས་ཟེར་ཡོང་དུ་སེམས་ལ་ཞི་བདེ་བཟོ་ཐུབ་རྒྱུའི་ནུས་པ་ཧ་ཅང་ཆེན་པོ་ཞིག་འདུག ང་ཚོ་བོད་པའི་རིག་གཞུང་གཙོ་བོ་འདི་དག་རེད་འདུག
འདི་དང་འབྲེལ་བའི་བོད་མི་རིགས་རང་གི་གཞས་སྣའི་རིགས་མང་པོ་ཞིག་ཡོད་པའི་ནང་ནས་རྣམ་ཐར་དེ་དམིགས་བསལ་རེད། བོད་ལ་རྒྱ་མི་སླེབས་ནས་བོད་པའི་ཞབས་བྲོ་འཁྲབ་རྒྱུ་དེ་ཚོ་རྒྱ་མིས་བོད་པ་དང་འདྲ་འདྲ་འཁྲབ་ཀྱི་འདུག ཁྱེད་ཚོས་རྒྱ་མིའི་ནང་རྣམ་ཐར་གཏོང་མཁན་མཐོང་བྱུང་ངམ། རྒྱ་མི་ནང་རྣམ་ཐར་གཏོང་མཁན་ཧ་ལམ་མེད་པ་དེ་གཅིག་བྱས་ནས་ཤེས་ཀྱི་མེད་པ་འདྲ། རྒྱ་མིས་ “ལ་” མ་གཏོགས་ “ར་” ཞེས་སྒྲ་འབོད་ཐུབ་ཀྱི་མ་རེད། སྔ་མོ་ང་ཚོ་བོད་ལ་ཡོད་དུས་ང་ཚོས་ “སེ་ར་” བརྗོད་དུས་ཁོ་ཚོས་ “སེ་ལ་” མ་གཏོགས་ “སེ་ར་” ཞེས་བརྗོད་ཤེས་ཀྱི་མ་རེད། ངོས་ཀྱིས་ཧ་ཅང་གསལ་པོ་དྲན་གྱི་འདུག རྒྱ་མི་དཔོན་པོ་དང་མཉམ་དུ་ཁ་ལག་བཟས་ནས་རྩེད་མོ་རྩེ་སྐབས་ང་ཚོས་ “ཀུ་ཤུ་” ཞེས་བརྗོད་དུས་ཁོང་ཚོས་ “ཀུ་ཤུ་” དང་ “སྐུ་ཤོག་” གཉིས་མ་འདྲེས་པར་དབྱེ་འབྱེད་ཁྱོན་ནས་གཏོང་ཤེས་ཀྱི་མི་འདུག
རྒྱ་མིས་རྣམ་ཐར་བཏང་བ་ངོས་ཀྱིས་ཁྱོན་ནས་མཐོང་མ་མྱོང་། རྣམ་ཐར་ནི་བོད་པ་རང་གི་ཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་འདུག ལྷ་མོ་ཟློས་གར་སྔར་ཡོད་པ་དེ་དག་གོང་འཕེལ་གཏོང་རྒྱུ་དང་། སྔར་མེད་པ་རྣམས་གཞི་ནས་ལྷ་མོའི་སྐྱིད་སྡུག་ནང་བཙུགས་པར་རྗེས་སུ་ཡི་རངས་ཡོད། བོད་ཀྱི་རིག་གཞུང་ཟློས་གར་གྱི་ཆ་ཤས་ཞིག་ཁྱེད་རང་ཚོས་རྒྱུན་འཛིན་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་དུང་ཡིན་ནའང་ཁྱེད་རང་ཚོས་ད་ལྟ་བར་དུ་དཀའ་ལས་བརྒྱབ་སྟེ་མི་རྒན་པ་གང་ཙམ་རྫོགས་འགྲོ་གི་འདུག གང་ལྟར་མི་ཚེ་དོན་དང་ལྡན་པ་བྱས་པ་རེད་བློ་བདེ་པོ་བྱོས་ཨང་།
ང་ཚོའི་མི་རབས་འདི་དུས་ཚོད་ཁག་པོའི་ནང་བོད་ཆོས་རྒྱལ་གོང་མ་ཚོའི་ཞབས་འདེགས་གང་ཙམ་བསྒྲུབས་ཡོད། དུས་ཚོད་གཉན་འཕྲང་དཀའ་ངལ་ཧ་ཅང་འཕྲད་པའི་དུས་ཚོད་དེེར་ད་ལྟའི་མི་རབས་ཀྱིས་དངོས་གནས་བྱས་རྗེས་ཆེན་པོ་བཞག་ཡོད། ཕྱོགས་གཅིག་ནས་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཀྱིས་སེམས་ཤུག་ཧ་ལས་པ་རེད། བོད་མི་འབུམ་ཁ་ཤས་བསད་ཡོད་ཀྱང་བོད་པའི་སྙིང་སྟོབས་མ་རླག་པར་མུ་མཐུད་གནས་ཡོད། དེ་བཞིན་རྒྱ་མིས་བོད་པའི་ཕྲུ་གུ་ཆུང་ཆུང་ཚོར་སློབ་གསོ་བཏང་བ་སོགས་ཇི་ཙམ་མང་པོ་བྱས་ཡོད་ཀྱང་དེང་སྐབས་ཕྲུ་གུ་ཆུང་ཆུང་ཚོ་ཡིན་ནའང་ “ང་ཚོ་བོད་པ་ཡིན་” ཞེས་དེ་འདྲའི་སེམས་ཤུགས་འཁྱེར་བཞིན་པ་ནི་ཧ་ལས་པ་རེད་འདུག སྔ་མོ་ངོས་རང་ཆུང་ཆུང་སྐབས་ལྷ་སར་ཡོད་སྐབས་འབའ་བ་ཕུན་ཚོགས་དབང་རྒྱལ་དང་སངས་རྒྱས་ཡེ་ཤེས། སངས་རྒྱས་ཡེ་ཤེས་རྒྱལ་རོང་ཡིན་པ་ཡོད། ཐེངས་གཅིག་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་དེའི་མཛད་སྒོའི་སར་རྒྱ་ནག་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཞིག་ཡོང་པ་རེད། སངས་རྒྱས་ཡེ་ཤེས་གུང་ཁྲན་ཏང་ཡོན་རེད། དམར་དམག་རྒྱང་བསྐྱོད་སྐབས་སུ་ཁོང་ཕྲུ་གུ་ཆུང་ཆུང་རེད་སྐབས་དེར་མར་ཁྲིད་ཕྱིན་པ་ཞིག་རེད། ད་དུང་གཞན་ཞིག་ཡོད་ཀྱང་མིང་དྲན་གྱི་མི་འདུག སངས་རྒྱས་ཡེ་ཤེས་ཀྱི་མིང་ཡག་པོ་དྲན་གྱི་འདུག སངས་རྒྱས་ཡེ་ཤེས་དར་རྩེ་མདོ་ཡི་གཙོ་འཛིན་གྲས་རེད། པེ་ཅིང་ནས་མཉམ་དུ་ཞལ་ལག་གནང་སྐབས་ཤིག་ལ་ལྷ་ས་པར་དུ་བརྒྱབ་པའི་གློག་བརྙན་ཞིག་བསྟན་པ་ཡིན། དེ་དུས་སངས་རྒྱས་ཡེ་ཤེས་ངའི་རྒྱབ་ལོགས་སུ་བསྡད་ཡོད། ལྷ་ས་གཙུག་ཁང་གི་པར་ཐོན་པ་དང་ངོས་ཀྱིས་འདི་ལྷ་ས་གཙུག་ལག་ཁང་རེད་ཅེས་བརྗོད་པ་དང་ལམ་སེང་རྒྱབ་ནས་ཐལ་མོ་སྦྱར་སོང་། སེམས་ཀྱི་གཏིང་དུ་བོད་ཀྱི་མི་རིགས་ཤིག་ཡིན་ཕྱིན་ཆད་ལ་བོད་ཀྱི་རིག་གཞུང་ཟེར་ན་ཆོས་དད་ཡོད་པ་ནི་ཧ་ཅང་གསལ་བོ་རེད།
དེ་བཞིན་འབའ་བ་ཕུན་ཚོགས་དབང་རྒྱལ་དང་ངེད་གཉིས་གྲོགས་པོ་ཡིན། གུང་ཁྲན་ཏང་ཡོན་རེད། ལྷ་ས་ནས་སྔ་མོ་བོད་གཞུང་གིས་དོགས་པ་བྱས་ཏེ་བསྐྲད་པའི་གྲས་རེད། བོད་རིགས་ཀྱི་ཞེན་ཁོག་ཆེན་པོ་ཡོད་པ་རེད། ཆོས་དད་ཕལ་ཆེར་མེད་པ་ལྟ་བུ་རེད། ཁོང་གིས་མའོ་ཙེ་ཏུང་ངེད་གཉིས་ཐུག་དུས་ངོས་ཀྱི་སྐད་སྒྱུར་བྱེད་ཀྱི་རེད། སྐད་སྒྱུར་གལ་ཆེ་བའི་རིགས་ལ་ཕུན་ཚོགས་དབང་རྒྱལ་འཆར་ཅན་ཡོང་གི་རེད། ངོས་ཀྱིས་སྐད་གཏོང་གི་ཡོད། ཉིན་གཅིག་པེ་ཅིང་ལ་ཕུན་ཚོགས་དབང་རྒྱལ་ངེད་གཉིས་སྐད་ཆ་བཤད་སྐབས་ང་ཚོ་བོད་མི་རིགས་དེང་སྐབས་ཧ་ཅང་དཀའ་ངལ་འཕྲད་ནས་སྐྱོ་བོ་ཞིག་ཆགས་ཡོད་པ་དེ་ཧྲ་ཏག་ཏག་ཆགས་ཐུབ་པའི་རེ་བ་ཆེན་པོ་ཡོད། ང་རང་ལྷ་སར་ཡོད་དུས་ནོར་བུ་གླིང་གར་༸རྒྱལ་བ་རིན་པོ་ཆེ་མཇལ་བར་ཕྱིན་པ་ཡིན་ཟེར། དེ་དུས་༸རྒྱལ་བ་རིན་པོ་ཆེ་བཞུགས་ཁྲི་སྒང་ལ་ཆུང་ཆུང་ཞིག་འདུག ད་ཆ་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ཡར་ཕེབས་ཏེ་གཞོན་པ་ཤ་ཐང་གོ་ཐང་ཞིག་ཆགས་ཡོད་པ་རེད། ད་ང་ཚོར་རེ་བ་ཆེན་པོ་ཡོད་ཅེས་བརྗོད་དེ་ངུས་སོང་། མི་རིགས་ཀྱི་ཞེན་ཁོག་ཆེན་པོ་ཡོད་པ་ཧ་ཅང་གསལ་བོ་རེད། དེ་དང་དེས་མཚོན་པའི་བོད་རིགས་གུང་ཁྲན་ཏང་ཡོན་ལ་འཛུལ་ནས་ཆོས་དད་ཆེན་པོ་མེད་ཀྱང་བོད་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། ངོས་རང་དེ་སྔ་མཚོ་སྔོན་ཁུལ་དང་ཁམས་ཁུལ་དུ་ཕྱིན་སྐབས་བོད་རིགས་ཏང་ཡོན་མང་པོར་ཐུག་པ་དེ་དག་ཚང་མར་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད།
མི་རིགས་ཀྱི་ཞེན་ཁོག་ཤུགས་ཆེན་པོ་ཡོད་པའི་རྒྱུ་མཚན་གཅིག་གང་རེད་ཟེར་ན་ཕྱི་ལོ་ ༡༩༥༦་་༡༩༥༧ ལོར་བོད་རིགས་ཏང་ཡོན་ལས་བྱེད་པ་མང་པོ་ཞིག་བཙོན་ལ་བཅུག་པ་དང་། ཕུན་ཚོགས་དབང་རྒྱལ་ཡང་དེ་དུས་བཙོན་ལ་བཅུག་པའི་གྲས་རེད། དེ་རྟགས་མཚན་ཧ་ཅང་གསལ་པོ་རེད། ངོས་རང་པེ་ཅིང་ལ་ཡོད་སྐབས་ཕུན་ཚོགས་དབང་རྒྱལ་སྐད་སྒྱུར་བྱས་ཏེ་ཡོང་གི་ཡོད་པ་རེད། དེའི་རྗེས་རྒྱ་མི་དཔོན་པོ་མཐོན་པོ་ཞིག་ཡོད་པ་རེད། ཁོས་ང་ལ་ཕུན་ཚོགས་དབང་རྒྱལ་ཡར་ལྷ་སར་གཏོང་གི་ཡིན། ང་ཚོས་བློས་འཁེལ་གྱི་ཡོད་ཅེས་ལན་ཞིག་འབྱོར་སོང་། དེའི་རྗེས་ཕྱི་ལོ་ ༡༩༥༦་་༡༩༥༧ ལོ་གང་རུང་ཞིག་ལ་ཀྲང་ཅན་ཝུའུ་ཟེར་བའི་རྒྱ་མིའི་དཔོན་པོ་ཞིག་ཡོད་པ་དེ་ནོར་བུ་གླིང་གར་ཡོང་ནས་ཕུན་ཚོགས་དབང་རྒྱལ་ཡར་ཡོང་གི་མ་རེད། ཕུན་ཚོགས་དབང་རྒྱལ་མི་རིགས་རང་ལུགས་ཧ་ཅང་ཤུགས་ཆེན་པོ་རེད། དཔེར་ན། ཕུན་ཚོགས་དབང་རྒྱལ་འབའ་ལ་ཡོད་དུས་འབའ་ས་ཁུལ་དུ་བོད་མིའི་གུང་ཁྲན་ཏང་ཞིག་འཛུགས་པའི་བསམ་བློ་བཏང་འདུག དེ་མི་རིགས་རང་ལུགས་པའི་ནོར་འཁྲུལ་ཆེན་པོ་རེད། དེར་བརྟེན་ཕུན་ཚོགས་དབང་རྒྱལ་ཡར་ཡོང་གི་མ་རེད་ཅེས་ཟེར། དེ་ནས་ཕུན་ཚོགས་དབང་རྒྱལ་བཙོན་ལ་བཅུག་པ་རེད། དེར་བརྟེན་ཆོས་ལ་དད་པ་ཡོད་ནའང་རེད་མེད་ནའང་རེད། བོད་མི་རིགས་ཀྱི་ཞེན་ཁོག་ཧ་ཅང་ཤུགས་ཆེན་པོ་རེད། དུས་ད་ལྟའི་བར་དུ་ལོ་ངོ་དྲུག་ཅུ་ཟིན་འགྲོ་བཞིན་ཡོད་པ་རེད། བོད་རིགས་ཤིག་ཡིན་པའི་ཚུན་ལ་བོད་མི་རིགས་ཀྱི་ཞེན་ཁོག་དེ་ཤུགས་ཆེན་པོ་ཡོད་པ་ཞིག་རེད།
དེ་ནས་ང་ཚོ་བཙན་བྱོལ་ལ་སླེབས་པ་རེད། ནོར་བུ་གླིང་ག་ནས་ཐོན་ཡོང་སྐབས་སྲོག་འགོ་ཐོན་ཡོང་མི་ཡོང་བསམ་ནས་ཡོང་བ་ཡིན། གནས་ཚུལ་ལྷིང་པོ་བྱུང་ན་བསམ་ནས་ཐབས་ཤེས་གང་ཡོང་ཅི་ཡོང་འགྱོད་པ་མེད་པ་བྱས་པ་ཡིན། ཁྱོན་ནས་འགྲུབ་མ་སོང་། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མི་མང་ཡོང་ནས་རྒྱ་མི་བོད་ནས་ཕར་རྒྱུགས་ཞེས་ངོ་རྒོལ་སྐད་འབོད་ཤུགས་ཆེན་པོ་བྱས་ཏེ་ནོར་བུ་གླིང་གར་སླེབས་པ་རེད། ངོས་ནས་ཁོ་ཚོའི་འགོ་ཁྲིད་ཚོ་ཡར་བོས་ཏེ་འདི་ལྟར་ཟ་ངེ་ཟིང་ངེ་བྱས་ཏེ་མ་འདུག། ཁྱོད་རང་ཚོའི་འཐུས་མིའམ་སྐུ་ཚབ་ཁ་ཤས་ནོར་བུ་གླིང་གར་བསྡད་ན་འགྲིག་གི་རེད་ཅེས་བརྗོད་པ་ཡིན། ཁོ་ཚོས་ཁྱོན་ནས་ཉན་གྱི་མི་འདུག། ཨུ་ཐུག་པ་ཡིན་རྒྱུ་རེད། ཧ་ཅང་མཁྲེགས་པོ་བྱེད་ཀྱི་འདུག། དེ་ལྟར་ཚེས་ ༡༠ ཉིན་གནས་ཚུལ་དེ་བྱུང་ནས་ཚེས་ ༡༦ བར་དུ་ངོས་ནས་ཐབས་ཤེས་གང་ཡོང་བྱས་པ་ཡིན། རྒྱ་མི་ལའང་ང་ཕོད་བརྒྱུད་ནས་ཕར་ཡི་གེ་བྲིས་པ་ཡིན། དེ་དུས་མཚན་ཞབས་རྒྱ་མཚོ་གླིང་ཡོད་པ་རེད། རྒྱ་མི་ལ་འབྲེལ་བ་ཏོག་ཙམ་ཡོད་པ་རེད།
ཉིན་གཅིག་ངོས་ཀྱིས་རྒྱ་མི་ལ་ཕར་ཡི་གེ་བྲིས་པའི་ཡིག་ལན་རྒྱ་མཚོ་གླིང་གིས་བསྣམས་ཕེབས་སོང་། ནོར་བུ་གླིང་གའི་གཞུང་སྒོ་ལ་མི་མང་གིས་སྐུ་སྲུང་བཙུགས་ཡོད་པས་རྒྱ་མཚོ་གླིང་གིས་ཨམ་ཕྲག་ནང་འཁྱེར་མ་ནུས་པར་ཕྱག་ཕུའི་སྣེ་རལ་ནས་རྒྱ་མིའི་ཡི་གེ་དེར་བཅུག་ནས་འཁྱེར་སླེབས་སོང་། དེ་ལྟར་ཐབས་ཤེས་གང་ཡོང་བྱས་པ་དང་། ཕྱོགས་གཅིག་ནས་བོད་པ་ཚོ་ལའང་ཟ་ངེ་ཟིང་ངེ་མ་བྱེད། མི་མང་གིས་ངོ་རྒོལ་གྱི་རྣམ་པ་བྱས་ཏེ་མ་སྡོད་ཅེས་འཐུས་མི་ཁ་ཤས་ལ་བཤད་པ་དང་། རྒྱ་མི་ལའང་ཡི་གེ་བྲིས་ཏེ་གང་ཡོང་བྱས་པ་ཡིན། ཉིན་མཐའ་མར་ཐན་ཀོ་སན་གྱིས་ངོས་ལ་ནོར་བུ་གླིང་གའི་༸རྒྱལ་བ་རིན་པོ་ཆེ་བཞུགས་ས་གང་དུ་ཡོད་ན་དེ་ལ་རྟགས་ཤིག་རྒྱག་རོགས། ང་ཚོས་དེ་ལ་སྲུང་སྐྱོབ་བྱས་ཏེ་མེ་སྒྱོགས་མ་ཐེབས་པ་བྱེད་ཀྱི་ཡིན་ཞེས་ཡི་གེ་ཞིག་འདུག དེ་ལ་གོ་བ་ལེན་སྟངས་གཉིས་འདུག། ངོས་རང་སྡོད་ས་སྲུང་སྐྱོབ་ཆེད་རྟགས་རྒྱག་རོགས་ཟེར་གྱི་ཡོད་དམ། འབེན་གྱི་དོན་དུ་རྟགས་རྒྱོབས་ཟེར་གྱི་ཡོད་པ་ཚོད་མ་ཐུག་པ་ཞིག་རེད། ཧ་ཅང་ཛ་དྲག་ཆགས་བསྡད་ཡོད་པ་རེད། མདོ་སྟོད་སྨད་ཀྱི་ས་ཁུལ་ལ་ཕྱི་ལོ་ ༡༩༥༦ ནས་ཟིང་ལངས་ཚར་བའི་རྗེས་ལ་བླ་མ་དང་དཔོན་པོ་མང་པོ་རྒྱ་མིའི་ཚོགས་འདུར་སྐད་བཏང་ནས་འཇུས་པ་དང་། དེ་ནས་བཙོན་ལ་བཅུག་པ་དང་། དམར་གསོད་བཏང་བ་སོགས་བྱས་འདུག
དེར་བརྟེན་ཚོད་མ་ཐུག་པ་ཞིག་འདུག གང་ལྟར་ཚེས་ ༡༠ ནས་ ༡༧ བར་བོད་པ་ཚོས་ཀྱང་མཁྲེགས་པོ་བྱས་ཏེ་བསྡད། རྒྱ་མིས་ཀྱང་དགོང་མ་རྟག་པར་ལྷ་སར་དམག་མི་དང་མེ་སྒྱོགས་རླངས་འཁོར་མང་པོ་བཏང་ཡོང་གི་ཡོད། རྩེ་ཕོ་བྲང་གི་མདུན་དུ་ཡོད་པའི་གྲིབ་ཚེ་མཆོག་གླིང་གི་གཤམ་དུ་རྒྱ་མིའི་མེ་སྒྱོགས་དམག་སྒར་ཞིག་ཡོད་པ་རེད། ངོས་རང་རྩེ་ཕོ་བྲང་དུ་སྡོད་སྐབས་དེ་མཐོང་གི་ཡོད། ནམ་རྒྱུན་མེ་སྒྱོགས་དེ་དག་ལ་ཁ་གཅོད་བརྒྱབ་བཞག་ཡོད། ཚེས་ ༡༦ ལ་མེ་སྒྱོགས་ཡོད་ཚད་ཀྱི་ཁ་གཅོད་ཕྱེས་པ་དང་། དགོང་མ་རེ་བཞིན་མཚོ་བོད་རླངས་འཁོར་འགྲོ་ལམ་ཟེར་བ་ཞིག་ཡོད་པ་དེ་ནས་རྒྱ་མི་དམག་མི་ཡོང་བསྡད་པ་ཞིག་གི་སྐབས་སུ་ངོས་ལ་ཡི་གེ་དེ་འབྱོར་བ་རེད། ཡག་རྟགས་ཁྱོན་ནས་མི་འདུག བརྟག་དཔྱད་བྱེད་པ་སོགས་བྱས་མཐར་ཟླ་ ༣ ཚེས་ ༡༧ དགོང་མོ་ལྷ་སའི་ཆུ་ཚོད་ ༡༠ པའི་ཐོག་ངོས་རང་ཐོན་ཡོང་བ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།