༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་ཤཱ་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་ཨ་རི་དང་ཡུ་རོབ། ཨ་ཕི་རི་ཁ། རྒྱ་གར་གཙོ་བོར་གྱུར་བའི་ཨེ་ཤི་ཡ་དང་དཀྱིལ་ཤར་ཡུལ་གྲུ་སོགས་ཁྱོན་རྒྱལ་ཁབ་ ༦༨ ནས་ཡུལ་སྐོར་སྤྲོ་འཆམ་པ་མི་གྲངས་ཆིག་སྟོང་བརྒལ་བར་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞི་ལས་གཞི་རྩའི་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ་དོན།
འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ངོས་རང་ཡང་འགྲོ་བ་མི་ཞིག་ཡིན། ང་ཚོས་སྲོག་ཆགས་གྲོག་འབུ་དང་ཉས་གཙོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་བློ་གཏོང་དགོས། དུད་འགྲོའི་རིགས་དང་འཇིག་རྟེན་གཞན་དང་གཞན་དུ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་ང་ཚོས་སྨོན་ལམ་རྒྱག་རྒྱུ་ཙམ་ལས་གཞན་བྱ་ཐབས་མེད།
ང་ཚོས་བྱེད་ཐུབ་པ་ནི་འཛམ་གླིང་འདིའི་སྟེང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ལ་ཕན་ཐོགས་བྱ་རྒྱུ་དེ་ཡིན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཆ་ནས་ཚང་མར་བསམ་བློ་གཏོང་རྒྱུའི་ཀླད་པ་གཅིག་མཚུངས་སུ་ཡོད། སྐད་ཡིག་ཕན་ཚུན་ཕྲན་བུ་མི་འདྲ་བ་ཡོད་ཀྱང་དེར་ཁྱད་པར་དེ་ཙམ་མེད། ང་ཚོར་མིའི་རྣམ་དཔྱོད་ཡོད་སྟབས་ཕན་ཚུན་འབྲེལ་བ་བྱེད་ཐུབ། ང་ཚོས་སྨོན་ལམ་རྒྱག་སྐབས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སྨོན་ལམ་རྒྱག་བཞིན་ཡོད་ཀྱང་། དོན་དངོས་སུ་ལག་ལེན་ཐོག་ནས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་ཆགས་ཡོད།
ངོས་ལ་མཚོན་ན་དུས་རྟག་ཏུ་འགྲོ་བ་མི་གྲངས་ཐེར་འབུམ་བདུན་ཡོད་ཁོངས་ནས་གཅིག་ཡིན་བསམ་པ་དྲན་བཞིན་ཡོད། ཁྱེད་ཚོའང་དེ་ལྟར་ཆགས་ཡོད། ཚན་རིག་པ་ཁག་གཅིག་གིས་ཚོད་ལྟའི་ལམ་ནས་རྙེད་སོན་བྱུང་བ་ལྟར་ན། གཞི་རྩའི་མིའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ་ནི་བྱམས་བརྩེ་ལྡན་པ་ཞིག་རེད། ཅེས་བརྗོད་བཞིན་ཡོད། གལ་ཏེ་གཞི་རྩའི་མིའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ་དེ་ཁོང་ཁྲོའི་རང་བཞིན་ཡིན་ན་ཕན་ཚུན་གསོད་རེས་དང་འཛིང་རེས་བྱས་ནས་སྡོད་རྒྱུ་མ་གཏོགས་གཞན་རེ་བ་རྒྱག་ས་གང་ཡང་ལྷག་མེད། འོན་ཀྱང་ད་ཆ་ཚན་རིག་པ་ཚོས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་གསལ་པོ་བཟོས་ཡོད་པར་བརྟེན་རེ་བ་རྒྱག་ས་ཞིག་ཡོད། ལྷག་པར་སྨན་གྱི་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ཁོང་ཁྲོ་ཡང་ཡང་ཟ་བ་དེས་ལུས་པོའི་ཟུངས་ཤུགས་ཉམས་རྒྱུ་དང་།
དེ་ལས་ལྡོག་སྟེ་བྱམས་བརྩེའི་བློ་སྐྱེ་བ་ཡིན་ན་ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད་པ་ར་འཕྲོད་བྱུང་ཡོད། དེར་བརྟེན་ད་ཆ་ང་ཚོས་མིའི་རྣམ་དཔྱོད་ལ་བརྟེན་ནས་རིན་ཐང་དེ་གོང་མཐོར་གཏོང་དགོས། བྱིས་པ་ཆུང་ཆུང་ལ་མཚོན་ན་བྱིས་པ་ཕན་ཚུན་རྩེད་རོགས་བྱུང་ན་རྒྱལ་ཁབ་དང་ཆོས་དད་སོགས་ཀྱི་ཁྱད་པར་གང་ཡང་མེད་པར་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་རྩེད་འཇོ་ལ་རོལ་རྒྱུ་རེད། འོན་ཀྱང་རིམ་བཞིན་ཤེས་ཡོན་སློབ་གསོའི་ཐོག་ནས་རྒྱལ་ཁབ་དང་ཆོས་དད་མི་འདྲ་བ་སོགས་དབྱེ་འབྱེད་ཀྱི་བསམ་བློ་སྐྲུན་བཞིན་ཡོད། རྒྱལ་ཁབ་དང་ཆོས་ལུགས་གཅིག་གྱུར་ནང་ཁུལ་ལའང་དབུལ་ཕྱུག་སོགས་ཀྱི་དབྱེ་འབྱེད་བྱེད་བཞིན་ཡོད། རྒྱ་གར་ནང་ལ་རིགས་མཆོག་དམན་གྱི་དབྱེ་འབྱེད་བྱ་རྒྱུའི་ལམ་སྲོལ་དེ་ཧ་ཅང་ཐབས་སྡུག་རེད།
སྟོན་པ་བཅོམ་ལྡན་འདས་ཀྱིས་རིགས་དབྱེ་འབྱེད་ལ་དགག་བྱ་ཤུགས་ཆེ་མཛད་ཡོད། རྒྱ་གར་གཞུང་གི་རྩ་ཁྲིམས་ནང་དུའང་རིགས་མཆོག་དམན་གྱི་དབྱེ་བ་མེད་པར་ཚང་མར་ཐོབ་ཐང་འདྲ་མཉམ་གནང་ཡོད། དེར་བརྟེན་རིགས་རུས་དབྱེ་འབྱེད་ཀྱི་བསམ་བློ་རྙིང་པ་ནི་ཡུལ་འདིའི་ཞན་ཆ་ཞིག་རེད་འདུག
ངོས་ཀྱི་དུས་རྒྱུན་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་ལ་ཡི་རང་བསྔགས་བརྗོད་ཧ་ཅང་ཞུ་བཞིན་ཡོད། མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་འཕེལ་རིམ་ཤོད་སྐབས་རྒྱ་གར་རོང་གཤོངས་སུ་ཆགས་པའི་སྤྱི་ཚོགས་དཔལ་ཡོན་ Indus Valley Civilization དེ་ཤེས་པའི་རྣམ་གཞག་སྐོར་གྱི་སློབ་སྦྱོང་ཚད་མཐོ་ཤོས་སོན་ཡོད་པ་མ་ཟད། རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་བྱེད་ལས། དེ་བཞིན་སེམས་ཁམས་རིག་པའི་འགྲོ་སྟངས་དེ་དག་དེང་སྐབས་འཛམ་གླིང་སྤྱི་ཚོགས་ནང་ཧ་ཅང་དགོ་མཁོ་ལྡན་པ་ཞིག་ཀྱང་ཆགས་ཡོད།
ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ནས་དར་བའི་རིས་མེད་ secular ཀྱི་བསམ་བློ་དེས་ཆོས་ལུགས་གཞན་ཙམ་མ་ཟད། ཆོས་ལ་ཡིད་ཆེས་མི་བྱེད་མཁན་ཚོ་ལའང་གུས་ཞབས་བྱ་རྒྱུ་རེད། ངོས་རང་ཉིད་ལ་མཚོན་ན་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ལ་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ཅིག་ཡིན། ཡུལ་འདིའི་ནང་རྒྱ་གར་རང་གི་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་ཙམ་མ་ཟད། དཀྱིལ་ཤར་ཡུལ་གྲུ་སོགས་ནས་དར་བའི་ཡེ་ཤུ་དང་ཁ་ཆེ་སོགས་ཀྱང་ལོ་ངོ་སྟོང་གི་རིང་ནས་འཆམ་མཐུན་ངང་གནས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། བོད་ཀྱི་གནད་དོན་ཐོག་བཀའ་སློབ་སྩལ་དོན། རྒྱ་གར་ནས་དར་བའི་རྒྱལ་བའི་གསུང་རབས་ཀྱི་དགོངས་པ་མཐིལ་ཕྱིན་པ་ཞིག་རྟོགས་དགོས་ན་བོད་སྐད་ལས་ལྷག་པའི་སྐད་ཡིག་གཞན་མེད། ལེགས་སྦྱར་སྐད་ནི་ཉམས་རྒུད་དུ་ཕྱིན་ཚར་བའི་སྐད་ཡིག་རེད། ཨིན་སྐད་དང་ཧིན་སྐད་ནང་སངས་རྒྱས་པའི་གཞུང་དེ་དག་གི་དགོངས་པ་མཐར་ཐུག་བཀྲལ་ཟེར་བ་དེ་མེད་པ་ཆགས་ཡོད། ནང་ཆོས་ནས་གསུང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་དེ་དག་ནང་པ་ཙམ་མིན་པར་ནང་པ་མིན་པ་ཚོ་ལའང་འབྲེལ་བ་ཧ་ཅང་ཡོད།
དེང་སྐབས་རྒྱ་ནག་ནང་དུ་མཚོན་ན་རྒྱ་རིགས་ནང་པ་ས་ཡ་ ༤༠༠ ཡོད་པ་བརྗོད་བཞིན་ཡོད། དེའི་ནང་ནས་མང་པོ་ཞིག་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཧ་ཅང་བྱེད་བཞིན་ཡོད། ཆབ་སྲིད་ཀྱི་ཐོག་ལའང་དེས་ཕན་ཐོགས་ཧ་ཅང་ཡོད། ལེགས་སྦྱར་གཞུང་ལ་གཙོ་བོ་ཁུངས་གཏུགས་ནས་ཡོད་པའི་བོད་བརྒྱུད་ནང་བསྟན་འདི་ཧ་ཅང་ཁུངས་ལྡན་དང་སྤུས་དག་པོ་ཞིག་ཡིན་པ་རྒྱ་རིགས་ཤེས་ལྡན་པ་ཚོའི་ཁྲོད་གོ་རྟོགས་བསླེབས་ཡོད་པ་མ་ཟད། ཤེས་ལྡན་པ་དེ་དག་ཁྲོད་བོད་ཡིག་དང་བོད་སྐད་ལ་དོ་སྣང་བྱས་ནས་བོད་ཡིག་སློབ་མཁན་ཡང་གང་ཙམ་ཡོད་འདུག
རྒྱ་ནག་དམར་ཤོག་འགོ་ཁྲིད་མཁྲེགས་འཛིན་པ་དང་བསམ་བློ་གུ་དོག་ཅན་དེ་ཚོས་འདས་པའི་ལོ་ངོ་ ༦༠ ཙམ་རིང་བོད་མི་ཚོར་འཇམ་རྩུབ་སྣ་ཚོགས་འོག་བློ་ཁ་བསྒྱུར་ཐབས་བྱས་ཡོད་ཀྱང་བོད་མི་རྣམས་ཀྱི་བློ་ཁ་བསྒྱུར་ཐུབ་མེད། དད་པ་དམ་ཚིག་ཧ་ལས་པ་རེད། ལོ་ཤས་གོང་ངོས་ལ་བོད་ནས་ཡེ་གེ་ཞིག་འབྱོར་བྱུང་བ་དེའི་ནང་ད་ལྟ་རྒྱ་ནག་གིས་བོད་མིའི་ཐོག་ཆབ་སྲིད་ཀྱི་དབང་སྒྱུར་བྱེད་བཞིན་ཡོད་ཀྱང་། མ་འོངས་པར་བོད་མི་ཚོས་ནང་ཆོས་ཐོག་ནས་རྒྱ་ནག་ལ་ཕར་དབང་སྒྱུར་བྱེད་ངེས་རེད། ཅེས་བྲིས་འདུག དུས་རབས་ ༧ ནས་བཟུང་རྒྱ་དང་བོད་ཁྱིམ་མཚེས་བྱས་ནས་འཆམ་མཐུན་ངང་གནས་པ་རེད། རྒྱ་ནག་སྲོལ་རྒྱུན་ཐོག་ནས་ནང་པའི་རྒྱལ་ཁབ་རེད། ཕྱི་ལོ་ ༡༩༥༤།༥༥ ལོར་ངོས་རང་རྒྱ་ནག་ཏུ་ཕྱིན་པ་རེད། སྐབས་དེར་མའོ་ཀྲུ་ཞི་སར་ནས་གནས་ཚུལ་མང་པོ་ཤེས་བྱུང་།
དེ་བཞིན་རྒྱ་ནག་དམར་ཤོག་འགོ་ཁྲིད་དེ་འདྲ་སར་ནས་མག་ཁེ་སི་རིང་ལུགས་ Marxism སྐོར་ཤེས་རྟོགས་བྱུང་། སྐབས་དེར་ངོས་རང་མག་ཁེ་སི་རིང་ལུགས་ལ་ཧ་ཅང་ཡིད་དབང་འཕྲོག་པོ་བྱུང་སྟབས། ངོས་རང་ཉིད་ཀྱང་དམར་ཤོག་ཚོགས་མིའི་ཁོངས་འཛུལ་རྒྱུ་ཡིན་ཞེས་མའོ་ལ་ཞུས་པ་ཡིན། དེར་བརྟེན་སྤྱི་ཚོགས་དང་དཔལ་འབྱོར་ལམ་ལུགས་ཐོག་ནས་བརྗོད་ན་ངོས་ཀྱི་བསམ་ཚུལ་དེ་མ་ཁེ་སི་རིང་ལུགས་རེད། འོན་ཀྱང་ངོས་རང་ལེ་ཉིན་རིང་ལུགས་ Leninism ལ་མཐའ་གཅིག་ཏུ་དགག་བྱ་བྱེད་བཞིན་ཡོད། རྒྱ་ནག་དམར་ཤོག་རིང་ལུགས་ཀྱང་དོན་དམ་གྱིས་མག་ཁེ་སི་རིང་ལུགས་ཐོག་ཕྱིན་ན། ད་ལྟའི་དབུལ་ཕྱུག་དབར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དེ་འདྲ་ཡོང་ཐབས་རྩ་བ་ནས་མེད།
ད་ལྟའི་རྒྱ་ནག་འདི་ལོ་ངོ་ ༤༠ གོང་དང་བསྡུར་བ་ཡིན་ན་འགྱུར་བ་ཧ་ཅང་ཕྱིན་ཡོད། རིག་གནས་གསར་བརྗེ་དང་དེའི་གོང་ཙམ་ལ་མཚོན་ན་ནང་ཆོས་གཙོ་བོར་གྱུར་བའི་ཆོས་ལུགས་གཞན་ལ་གཏོར་བཤིག་ཚབས་ཆེ་བཏང་ཡོད། འོན་ཀྱང་རིག་གནས་གསར་བརྗེ་རྗེས་སུ་ལོ་ངོ་སྟོང་ཕྲག་རིང་དར་སྲོལ་ཡོད་པའི་ཆོས་ལུགས་དེ་དག་ཧ་ཅང་མྱུར་པོའི་ཐོག་ནས་སླར་གསོ་ཐུབ་པ་བྱུང་ཡོད། གུང་ཁྲན་ཏང་ཡོན་ཁྲོད་དུའང་མང་པོ་ཞིག་ནང་ཆོས་ལ་དད་པ་ཡོད། ཆོས་འདི་མིའི་སེམས་ཁམས་དང་འབྲེལ་བ་ཡོད་ཅིང་མི་རབས་མང་པོ་ནས་བརྒྱུད་པ་ཞིག་ཡིན་སྟབས། དྲག་པོའི་སྟོབས་ཤུགས་ཐོག་ནས་རྩ་མེད་བཟོ་རྒྱུ་ཟེར་བ་ཡོང་མི་ཐུབ། དེར་བརྟེན་རྒྱ་ནག་ཐོག་ནས་ངོས་ལ་སེམས་ཁྲལ་བྱེད་དགོས་པ་གང་ཡང་མི་འདུག བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད།
དེར་བརྟེན་འབྱུང་འགྱུར་ལོ་ཤས་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ངེས་རེད། ང་ཚོས་ཆབ་སྲིད་ཐོག་ནས་རང་བཙན་རྩོད་ཀྱི་མེད། ཕྱི་ལོ་ ༡༩༧༤ ཙམ་ནས་ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ལ་དམིགས་བསལ་ཐོབ་ཐང་ཡོད་སྐོར་འཁོད་པ་ལྟར། བོད་རིགས་གནས་སྡོད་ཀྱི་ས་ཁུལ་མང་པོ་ཞིག་ལ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་ངོས་འཛིན་ཡང་བྱས་ཡོད། བོད་རང་སྐྱོང་ལྗོངས་དང་། རང་སྐྱོང་རྫོངས་དང་ཁུལ། རང་སྐྱོང་གི་ཞིང་ཆེན་བཅས་མིང་དོན་མཚུངས་པ་ཞིག་གི་འོག་བོད་མི་རྣམས་ལ་རང་གི་ཆོས་དང་ལེགས་བྱང་། སྐད་ཡིག་སོགས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུའི་ཐོབ་ཐང་ཚད་ལྡན་ཞིག་རྩ་ཁྲིམས་ནང་གསལ་ལྟར་སྤྲད་པ་ཡིན་ན། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྡོད་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ། །