༢༠༡༨ ཟླ་ ༤ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་ Denmark ནས་མཇལ་བཅར་ཞུ་མཁན་དགེ་སློབ་ཁག་གཅིག་ལ་བཀའ་སློབ་སྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་གྲུབ་ཕྱིན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནི་ལྡོག་ཏུ་མེད་པ་ཞིག་ཡིན་སྟབས། འཆི་བ་ནི་སོ་སོའི་མི་ཚེའི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ང་ཚོས་འདོད་རུང་མི་འདོད་རུང་འཆི་རྒྱུ་ངེས་པ་ཡིན་སྟབས། འཚོ་བའི་རིང་ཉིན་རེ་བཞིན་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཐུབ་ན། མཐར་འཆི་བའི་གནས་སྐབས་སུའང་ངས་འཚོ་བའི་རིང་དྲང་པོ་དང་བདེན་པ། བྱམས་བརྩེ་ལྡན་པའི་མི་ཚེ་ཞིག་བསྐྱལ་བ་ཡིན། ད་ཡིན་ན་འཆི་ཡང་བློ་འགྱོད་རྩ་བ་ནས་མེད་ཅེས་བློ་བདེ་པོའི་ཐོག་ནས་འཆི་ཐུབ་རྒྱུ་མ་ཟད།
ཆོས་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཡོད་པའི་དབང་དུ་བཏང་ནའང་དཀོན་མཆོག་གིས་གཟིགས་སྐྱོང་གནང་རྒྱུ་དང་། གལ་ཏེ་འཇིག་རྟེན་བཀོད་པ་པོ་མེད་པའི་དབང་དུ་བཏང་ནས་ལས་བྱེད་པོ་རང་ཉིད་ཡིན་པར་མཚོན་ནའང་། ཚེ་འདི་དོན་དང་ལྡན་པ་ཞིག་བསྐྱལ་བ་ཡིན་སྟབས། སྐྱེ་བ་ཕྱི་མ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུ་ངེས་པ་རེད། མི་ཚེ་གཅིག་རིང་ལ་མཚོན་ནའང་མི་ཚེ་སྟོད་ལ་ལུས་སྦྱོང་དང་འཕྲོད་བསྟེན་ཡག་པོ་ཇི་ཙམ་བྱས་པ་དེས་ཚོད་ཀྱིས་ཚེ་སྨད་ལ་འབྲས་བུ་བཟང་པོ་སྨིན་རྒྱུ་ཡིན་པ་ལྟར། ཚེ་འདིར་གཞན་ལ་བྱམས་བརྩེའི་ཉམས་ལེན་ཐོག་ནས་ཕན་བཏགས་པ་སོགས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་བ་ཡིན་ན་ཚེ་ཕྱི་མར་འབྲས་བུ་བཟང་པོ་སྨིན་རྒྱུ་རེད།
འཆི་བ་ནི་ལུས་ཀྱི་གྱོན་ཆས་གསར་རྙིང་བརྗེ་བ་ལྟ་བུ་རེད། གོས་རྙིང་གྲིབ་མ་ཅན་ཆགས་སྐབས་གོས་བརྗེ་རྒྱུའི་དུས་ལ་བབ་པ་ལྟར། ལུས་འདི་ཡང་ཧ་ཅང་རྒས་ཤིང་འཁོགས་པ་ཆགས་སྐབས། ལུས་པོ་འདིའང་བརྗེ་རྒྱུར་མངོན་དུ་ཕྱོགས་པ་ཞིག་ཡིན་པ་ནི་ཆོས་ཉིད་རེད། བསམ་བློ་གཏོང་སྟངས་དེ་འདྲའི་ཐོག་ནས་འགྲོ་དགོས་པ་ལས། གཞན་འཆི་བ་ཟེར་སྐབས་བསམ་བློ་གཏོང་རྒྱུ་གང་ཡང་མེད་པ་ནག་ཐོམ་མེར་ཕྱིན་ན་འཇིགས་སུ་རུང་བ་ཞིག་ལ་མཐོང་རྒྱུ་རེད། གལ་ཏེ་ཁྱེད་ཚོར་འཆི་བ་མི་རྟག་པའི་སྐོར་ཕྲན་བུ་གོ་རྟོགས་བྱུང་ན་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཁས་ལེན་མིན་ཇི་ལྟར་ཡང་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཏེ་མཐར་འཆི་ཁར་བློ་འགྱོད་མེད་པ་ཞིག་ཡོང་ཐུབ། ཅེས་བཀའ་སློབ་སྩལ།།