༢༠༡༨ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༠ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་སྤོན་ཊ་ས་གནས་སུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་པ་དང་བསྟུན། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་འཕགས་བོད་དབར་གྱི་གནའ་དེང་འབྲེལ་ལམ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས། བཙན་བྱོལ་ནང་འགྲུལ་བཞུད་བཅས་བརྗོད་གཞི་གསུམ་གྱི་ཐོག་པར་རིས་འགྲེམས་སྟོན་གནང་ཡོད།
དེ་ཡང་པར་རིས་འགྲེམས་སྟོན་དེ་ཉིད་སྐུ་མགྲོན་གཙོ་བོ་སིར་མོར་ Sirmour རྫོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུཁ་རམ་ཅོ་དི་རི་ Shri Sukh Ram Chaudhary མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་ཀྱིས་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད། སྐབས་དེར་འགྲེམས་སྟོན་ཚན་པའི་ལས་བྱེད་རིག་འཛིན་རྡོ་རྗེ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་སྐུ་ཞབས་སུཀ་རམ་མཆོག་གིས་གཙོས་སྐུ་མགྲོན་རྣམས་ལ་པར་རིས་ཁག་རེ་རེ་བཞིན་ངོ་སྤྲོད་དང་འགྲེལ་བཤད་གཟབ་རྒྱས་གནང་།
ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་མཆོག་གིས་འབྱོར་དེབ་ནང་བཀོད་དོན། འདས་པའི་ལོ་ངོ་ ༦༠ ནང་བོད་མི་རྣམས་རྒྱ་གར་གྱི་རིག་གཞུང་གི་ཆ་ཤས་སུ་གྱུར་ཡོད། དེས་རྒྱ་གར་གྱི་རིག་གཞུང་ཡང་ཕྱུག་པོ་དང་ལྟ་ན་སྡུག་པ་ཞིག་བཟོས་ཡོད་པས། གོ་སྐབས་འདི་བརྒྱུད་ངས་འབྲེལ་ཡོད་ཚང་མར་སྙིང་ཐག་པ་ནས་འཚམས་འདྲི་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རྗེས་སྤོན་ཊ་ས་གནས་མི་མང་ནས་པར་རིས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཡོད། ཁོང་ཚོས་སྔོན་འཕགས་བོད་དབར་གྱི་འབྲེལ་ལམ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས། དེ་བཞིན་༸གོང་ས་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་༸ཞབས་སོར་འཁོད་པའི་སྐབས་ཀྱི་སྐུ་པར་རྣམས་ལ་གཟིགས་ཞིབ་གནང་ཡོད། པར་རིས་འགྲེམས་སྟོན་བརྒྱུད་ནས་ས་གནས་མི་མང་རྣམས་ལ་བོད་ཀྱི་སྐོར་དང་། འཕགས་བོད་གཉིས་ཀྱི་འབྲེལ་ལམ་སོགས་ཀྱི་སྐོར་གོ་རྟོགས་ཆེན་པོ་སྤེལ་ཐུབ་ཡོད་པ་བཅས།།