༢༠༡༨ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨་་་་༢༠༡༩ ལོ་ནི་རྒྱ་གར་གྱིས་གཙོས་བོད་མི་བཙན་བྱོལ་བ་གནས་ཡུལ་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་སྣེ་ཁྲིད་འོག་ཁྱབ་ཁོངས་སྡེ་ཚན་ཡོངས་ནས་མཉམ་རུབ་ཐོག་སྤོན་ཊ་ས་གནས་སུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཟབ་རྒྱས་ཞིག་གོ་སྒྲིག་ཞུས་ཡོད།
སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་སིར་མོར་ Sirmour རྫོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུཁ་རཱམ་ཅོ་དི་རི་ Sukh Ram Chaudhary མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཌན་ལཱལ་ཁུ་ར་ན་ Dr Madan Lal Khurana ལགས། གཞན་ཡང་ས་གནས་རྫོང་དཔོན་དང་རྒྱ་གར་དཔོན་རིགས་ཁག་གཅིག་དང་ས་གནས་ཡུལ་མི་བཅས་མཛད་སྒོར་ཕེབས་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་སྦྲགས་མཛད་སྒོ་དབུ་འཛུགས་གནང་ཡོད། སྐབས་དེར་རིག་གཞུང་འཁྲབ་སྟོན་དང་ཡན་ལག་སྨན་རྩིས་ཁང་ནས་ཡུལ་མི་རྣམས་ལ་རིན་མེད་ཐོག་ནད་པར་བརྟག་དཔྱད་གནང་ཡོད།
གཞན་ཡང་སྐུ་མགྲོན་གཙོ་བོ་མཆོག་གིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། འཕགས་བོད་དབར་གྱི་གནའ་དེང་འབྲེལ་ལམ། བཙན་བྱོལ་ནང་འགྲུལ་བཞུད་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་དེ་བཞིན་དབུ་འབྱེད་གནང་ཡོད་པ་དང་འགྲེམས་སྟོན་ཐོག་མི་གྲངས་མང་པོས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་ཡོད།
མཐར་སྐུ་མགྲོན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་དོན་ཕྱག་རྟགས་ཕུལ་ཡོད་པ་བཅས།།