ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩ བཞེས་པའི་ཉིན་མོ་དང་བསྟུན་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག
དེ་ཡང་བརྙན་ཐུང་དེ་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། བརྙན་ཐུང་དེའི་ནང་རྒྱལ་སྤྱིའི་སྐད་རིགས་མི་འདྲ་བ་ ༢༩ ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༩ བཞེས་པར་འཚམས་འདྲི་དང་སྦྲགས་རྒྱ་ནག་གཞུང་ལ་ཁོང་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཡང་བཏོན་འདུག
སྐད་ཡིག་དེ་དག་ནི་བོད་སྐད་དང་འབར་མ། བྷེང་གཱལ། རྒྱ་སྐད། ཌེ་ནིཤི། ཧོལ་ལེན་ཌི། ཨིན་སྐད། ཕེ་རེནཆི། འཇར་མན། གྷུ་ཇི་ར་ཏི། གྷི་རིཀ། གུར་མུཀ། ཧིན་དི། ཧིབརིའུ། ཨིན་ཌོ་ནེ་ཤི་ཡ། ཨ་ཡི་སི་ལེནྜི། ཨི་ཊ་ལི། ཉི་ཧོང་། ཀོ་རི་ཡ། ཀ་ཅིན། ཧོར་སྐད། པོར་ཏུ་གཱི་སི། པོ་ལི་ཤི། རུ་སུ། སི་པེན། སུ་ཝི་ཌི་ཤི། ཏེ་ལུ་གུ། ཨུར་དུ། ཝི་ཏི་ནམ་བཅས་ཡིན་འདུག
དེ་ཡང་འཚམས་འདྲི་ཞུ་མཁན་ཁོངས་ནས་རང་ལོ་ ༢༩ སོན་པ་འཇར་མན་བུད་མེད་ཨི་ས་བྷེལ་ཞུ་བ་ཁོང་གིས་གསུང་དོན། ངས་སྙིང་ཁོང་རུས་པའི་གཏིང་ནས་སྐུ་ཉིད་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་དང་། ང་ཚོས་སྐུ་ཉིད་མཆོག་མགྱོགས་མྱུར་རང་གནས་སུ་ཞབས་སོར་བདེ་བར་འགོད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
དེ་ཡང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཡབ་དཀོན་མཆོག་ཕུན་ཚོགས་ལགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་ལགས་གཉིས་ཀྱི་སྲས་སུ་བོད་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་སྐུ་འཁྲུངས། རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགུང་གྲངས་དྲུག་ལ་སོན་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཕྲུལ་བྲལ་དུ་ངོས་འཛིན་མཛད་ཡོད། དེ་ནས་ཉིན་གསུམ་རྗེས་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མི་རྣམས་བཙན་འཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་བ་རེད།
ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། “རྒྱལ་སྤྱི་ཐོག་ནས་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་། ཁོང་གི་ནང་མིའི་གནས་སྟངས་དང་སྐུའི་འཕྲོད་བཞེས། དེ་བཞིན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སློབ་སྦྱོང་སོགས་ཀྱི་གནས་སྟངས་སྐོར་འདྲི་རྩད་ཇི་ཙམ་བྱས་ཀྱང་རྒྱ་ནག་གཞུང་གིས་ད་བར་ཡ་ལན་གང་ཡང་བྱས་མེད། འོན་ཀྱང་ང་ཚོ་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཆེད་མུ་མཐུད་འབད་བརྩོན་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། མི་རིང་བར་རིན་པོ་ཆེ་མཆོག་གི་གདན་ས་བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་ནང་ཞབས་སོར་འཁོད་ཐུབ་རྒྱུར་རེ་བ་ཞུ་བཞིན་ཡོད། ” ཞེས་གསུངས།
ཕྱོགས་མཚུངས་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། “ཐེངས་འདིར་སྐད་ཡིག་ ༢༩ ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ བཞེས་པའི་ཉིན་མོར་འཚམས་འདྲི་དང་སྦྲགས་ཁོང་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་པ་དེས། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་དབང་ཐོག་ནས་གར་སོང་ཆ་མི་འཚལ་བའི་གནས་སྟངས་འོག་དུས་ཡུན་ཇི་ཙམ་ཉར་བ་དེ་ཚོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་གློད་བཀྲོལ་ཆེད་ལས་འགུལ་སྤེལ་རྒྱུར་ཆོད་སེམས་རྒྱུན་སྐྱོང་བྱ་རྒྱུ་ཡིན་པ་མཚོན་བཞིན་ཡོད། ” ཅེས་གསུངས། །