༢༠༡༨ ཟླ་ ༤ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་བ་ ༤ ཚེས་ ༡༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་རྒྱ་གྲོང་ Flushing དུ་ཡོད་པའི་ Marco གསོལ་མགྲོན་ཁང་དུ་ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་ City University of New York ནང་གི་དགེ་རྒན་ཆེན་མོ་བ་ཤ་མིང་ Ming Xia ལགས་དང་། ཨོ་སི་ཀྲོ་ལི་ཡ་སིཌ་ནི་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་ University of Technology Sydney དགེ་རྒན་ཆེན་མོ་ཕང་ཙུང་དབྱི། Feng Congyi ལགས། དེ་བཞིན་བོད་ཀྱི་ཉེ་རབས་ལོ་རྒྱུས་ཉམས་ཞིབ་པ་ལི་ཅང་ལིན། Jianglingli ལགས། རྩོམ་པ་པོ་ཏིང་དབྱི་ཕུ། Yifu Ding ལགས། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་བཅས་ནས་བོད་ཀྱི་འདས་པའི་བྱུང་རབས་ལོ་རྒྱུས་དང་། ད་ལྟའི་བོད་མིའི་གནས་སྟངས། མ་འོངས་བོད་མིའི་ཆབ་སྲིད་ཀྱི་གོམ་པ་སྤོ་ཕྱོགས་སྐོར་དུས་ཡུན་ཆུ་ཚོད་ལྔ་རིང་བགྲོ་གླེང་ཞིབ་ཕྲ་གནང་འདུག
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་སྦོ་ཤུན་ Bo Xun རྒྱ་ཡིག་དྲ་རྒྱའི་རྩོམ་སྒྲིག་པ་ཝེ་ཧྲེས་ Wei Shi གྲ་སྒྲིག་གནང་ཞིང་། བགྲོ་གླེང་བྱས་པའི་ཞིབ་ཕྲའི་ནང་དོན་གསལ་བའི་བརྙན་འཕྲིན་རྣམས་ལེ་ཚན་ཁག་བགོས་ཀྱིས་སྦོ་ཤུན་དྲ་སྟེང་དུ་འཇོག་རྒྱུ་ཡིན་འདུག དེ་ཡང་བགྲོ་གླེང་སྐབས། བོད་ཀྱི་འདས་པའི་ལོ་རྒྱུས་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་གསུམ་གཙོ་བོར་གྱུར་བའི་རྒྱ་གར་གནའ་རབས་ཀྱི་དཔལ་ནཱ་ལེནྡཱ་ནས་དར་བའི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་རིག་གནས་བསྐྱར་གསོ་མཛད་བཞིན་པའི་སྐོར། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁ་བྲལ་བ་ཞིག་ཡིན་སྐོར་འཁྱོག་བཤད་བྱས་དང་བྱེད་བཞིན་ཡོད་ཀྱང་དོན་དངོས་དེ་ལས་ལྡོག་སྟེ་ཁོང་གིས་ཁ་བྲལ་ནམ་ཡང་མཛད་ཀྱི་མེད་སྐོར། དེ་བཞིན་༸རྒྱལ་བའི་ཡང་སྲིད་སྐོར་སོགས་ཀྱི་གནད་དོན་ཐད་ཆུ་ཚོད་ལྔའི་རིང་བགྲོ་གླེང་ཞིབ་ཅིང་ཕྲ་བ་གནང་ཞིང་། ཚོགས་འདུ་གཙོ་སྐྱོང་གནང་མཁན་སྦོ་ཤུན་དྲ་རྒྱའི་བརྙན་འཕྲིན་གསར་འགོད་པ་འབུམ་རམས་པ་ཀྲང་ཇལ་ Zhang Jie ཡིན་འདུག
ཕྱི་ཚེས་ ༢༠ ཉིན་གྲོང་ཁྱེར་ནིའུ་ཡོག་ནང་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་སྐུ་ཞབས་རི་ཆ་ཌི་གྷིར་ Richard Gere རྣམ་གཉིས་དབར། དཀའ་ངལ་ཅན་གྱི་དུས་སྐབས་སུ་བྱམས་བརྩེའི་ཉམས་ལེན་དང་། ཤེས་རབ་ཀྱི་ནུས་པ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག བགྲོ་གླེང་གོ་སྒྲིག་ཞུ་མཁན་བོད་ཀྱི་ཐེབས་རྩ་ཁང་ཡིན་ཞིང་། སྐབས་དེར་རྒྱ་རིགས་དོན་གཉེར་ཅན་ཁག་ཀྱང་མཉམ་ཞུགས་གནང་བ་མ་ཟད། བགྲོ་གླེང་གྲོལ་རྗེས་སྐུ་ཚབ་དོན་ཁང་ལ་རེ་འདུན་གནང་བ་ལྟར་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། རི་ཆ་ཌི་གྷིར་ལྷན་དུ་སྐུ་པར་སྒྲོན་གྱི་གོ་སྐབས་ཕུལ་བར་རྒྱ་རིགས་རྣམས་དགའ་མོས་ཆེན་པོ་བྱུང་འདུག་པ་བཅས།།