ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ་རིང་མིན་ཕྱི་ཟླ་ ༥ ནང་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་རྒྱུའི་གསལ་བསྒྲགས་གནང་འདུག
དེ་ཡང་བཞུགས་སྒར་དུ་འཚམས་གཟིགས་ཕེབས་མཁན་གྲོས་ཚོགས་འཐུས་མི་རྣམས་ནི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་མོན་ཊི་མོ་ས་ Ramon Tremosa མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ Csaba Sogor མཆོག་བཅས་དང་ཁོང་རྣམ་པའི་བཟའ་ཟླ། དེ་བཞིན་ཕྱག་རོགས་ལས་བྱེད་གཉིས་བཅས་ཁྱོན་མི་གྲངས་བདུན་རྡ་སར་འཚམས་གཟིགས་ཕེབས་གནང་རྒྱུ་ཡིན་འདུག སྐབས་དེར་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱང་ལྷན་བཅར་གནང་རྒྱུ་ཡིན་འདུག
གཞན་ཡང་ལྷན་ཚོགས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་སྐོར་སྙན་ཐོའི་ཐོག་ལའང་བཀའ་བསྡུར་གནང་བ་དང་། དེ་བཞིན་སྦར་སེལ་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༨ ལོ་འཁོར་མོར་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར། ཁུལ་དེའི་ས་གནས་ཁག་ཏུ་ལས་འགུལ་འདྲ་མིན་སྤེལ་བའི་ལམ་ནས་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་འཆར་ཡོད་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྐབས་རིག་གཞུང་འཁྲབ་སྟོན་དང་དཔེ་དེབ་འདོན་སྤེལ་སོགས་ཀྱི་ལམ་ནས་དུས་ཆེན་སྲུང་བརྩི་གནང་འཆར་ཡོད་སྐོར་དང་། དེ་བཞིན་ཕྱི་ཟླ་ ༨ པའི་ནང་ཡུ་རོབ་གྲོས་ཚོགས་སུ་པར་རིས་འགྲེམས་སྟོན་གོ་སྒྲིག་གནང་རྒྱུའི་ལས་རིམ་བང་སྒྲིག་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་བཅས།།