ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༦ རེས་གཟའ་པ་སངས།
༄༅། །སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་འགོ་བརྗོད་ཀྱི་སྙན་ཐོ་ཞིག་ཕུལ་འདུག
དེ་ཡང་སྙན་ཐོའི་ནང་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་འཛུགས་བསྐྲུན་ལས་གཞིའི་དམིགས་ཡུལ་ཁག་ལ་ཁ་གཡར་ནས་བོད་མིའི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གཞུངསོགས་ཀྱི་ཐོབ་ཐང་ལ་འཆར་གཞི་ལྡན་པའི་སྒོ་ནས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་གནས་ཚུལ་རྣམས་གསལ་འདོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་རང་གི་ཕ་མེས་ཡང་མེས་ཀྱི་ས་ཐོག་ནས་བཙན་དབང་གིས་གྲོང་རྡལ་དུ་གནས་སྤོ་བྱས་འཇུག་ཡོད་པ་དང་། དེར་བརྟེན་ལོ་ངོ་སྟོང་ཕྲག་རིང་གི་བོད་ཀྱི་འབྲོག་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་ལ་དོ་ཕོག་འགྲོ་གི་ཡོད་པ་འཁོད་ཡོད།
དེ་བཞིན་ཡར་རྒྱས་འཛུགས་བསྐྲུན་གྱི་ལས་གཞི་ལ་ཁ་གཡར་ནས་ཆོས་དད་རང་དབང་ཐོག་དམ་བསྒྲགས་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་དྲག་གནོན་བཏང་དང་གཏོང་བཞིན་ཡོད།
ཕྱི་ལོ་ ༢༠༡༣ ལོར་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་ལོ་འཁོར་བསྐྱར་ཞིབ་ཚོགས་འདུ་ཚོགས་སྐབས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁས་ལེན་བྱས་པའི་དོན་ཚན་རྣམས་ཕྱིས་སུ་ལག་བསྟར་བྱས་མེད་པ་མ་ཟད།
རྒྱ་གཞུང་གིས་བླ་རུང་སྒར་ནང་བསྟན་སློབ་གླིང་གཏོར་བཤིག་དང་། བོད་ཀྱི་དགོན་སྡེ་ཁག་གི་འཛིན་སྐྱོང་ནང་ཐེ་ཇུས་བྱས་པ། རྒྱ་གཞུང་གིས་བོད་ཀྱི་རྩ་ཆེ་རི་ཀླུང་ཐོག་ནས་གཏེར་ཁ་སྔོག་འདོན་བྱས་པ། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་རྣམས་ཉེས་ཅན་དུ་བརྩིས་པ། རང་ལུས་མེར་བསྲེགས་ཀྱི་གནད་དོན་ཁག
དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་སྐུ་གྲོངས་ཡོད་པ་སོགས་ཀྱི་སྐོར་འཁོད་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༥ ནས་ ༡༦ བར་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་ལོ་འཁོར་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༣༡ སྐོང་འཚོགས་གནང་རྒྱུ་ཡིན་འདུག་པ་དང་། ཚོགས་འདུ་དེ་དང་དམིགས་ནས་འགྲོ་བ་མིའི་ཐོབ་ཐང་ཞུ་གཏུག་པ་ཚོགས་པ་དྲུག་གིས་མོས་མཐུན་དང་རྒྱབ་སྐྱོར་འོག་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་སྙན་ཐོ་དེ་ཕུལ་ཡོད།
འགྲོ་བ་མིའི་ཐོབ་ཐང་ཞུ་གཏུག་པ་ཚོགས་པ་དྲུག་ནི། རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས་དང་། Nonviolent Radical Party Transnational Trans party, ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ། སུད་སིར་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ་དང་ས་གནས་བུད་མེད་ཚོགས་པ་བཅས་ཡིན། །