༢༠༡༨ ཟླ་ ༤ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་ཟླ་ ༣ པའི་ཚེས་ ༡༧ ནས་ ༢༧ བར་ཉིན་གྲངས་ ༡༡ རིང་༸གོང་ས་མཆོག་ཐོག་མར་རྒྱ་གར་བཙན་བྱོལ་དུ་ཕེབས་ཡུལ་མོན་རྟ་དབང་གི་ཆུ་དྭངས་མ་ནས་ཨ་སམ་མངའ་སྡེའི་ཏེ་ཛི་པུར་བར་ཞི་བའི་གོམ་བགྲོད་གནང་མཁན་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་ཡུམ་རིན་ཆེན་སྒྲོལ་མ་ལགས། དེ་བཞིན་མོན་རྟ་དབང་དང་། ཏེ་ཛི་པུར་ས་གནས་སོ་སོའི་ལས་འགུལ་གོ་སྒྲིག་གནང་མཁན་སོགས་ཁྱོན་མི་གྲངས་ ༥༠ ཙམ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་ཡོད།
དེ་ཡང་ཐོག་མར་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཁོང་རྣམས་ལ་མཇལ་འཕྲད་གནང་བ་དང་། མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་དོན། ཐོག་མར་སྔ་དྲོ་བདེ་ལེགས་ཞུ་རྒྱུ་ཡིན། རྣམ་པ་ཚོ་བཙན་བྱོལ་གྱི་གྲོས་ཚོགས་ནང་ཕེབས་པར་དམིགས་བསལ་གྱི་དགའ་པོ་ཞེ་དྲག་བྱུང་། གཙོ་བོ་ང་ཚོ་བོད་པ་བཙན་བྱོལ་བ་ཆགས་ནས་ལོ་ ༦༠ ཙམ་ཟིན་འགྲོ་གི་ཡོད་རེད། ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ང་ཚོ་ཁྱིམ་མཚེས་བྱས་ནས་གནས་བསྡད་ཡོད་རེད། རང་བཞིན་གྱི་བློ་ཉེ་པོ་བྱས་ནས་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཆགས་ཡོད། ལྷག་པར་དུ་༸རྒྱལ་བ་སྐུ་ཕྲེང་དྲུག་པ་སྐུ་འཁྲུངས་སའི་ས་ཆ་མོན་རྟ་དབང་དེ་ཉིད་ང་ཚོ་བོད་པའི་སེམས་ཁམས་ནང་རྩ་ཆེན་པོ་ཞེ་དྲག་རྩི་ཡི་ཡོད་རེད། རྣམ་པ་ཚོས་དངོས་གནས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱིས་ཞི་བའི་གོམ་བགྲོད་གནང་རྗེས། ཆེད་མངགས་རྡ་སར་བཅར་ཐུབ་པར་དམིགས་བསལ་དགའ་ཚོར་ཆེན་པོ་བྱུང་ཞེས་ཞུ་རྒྱུ་ཡིན།
ཨ་རུ་ནཱ་ཅལ་མངའ་སྡེ་ལྟ་བུར་ཆ་བཞག་ན། དེའི་ནང་བོད་པའི་གཞིས་ཆགས་མང་པོ་ཞིག་གནས་བསྡད་ཡོད་རེད། དེ་བཞིན་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་ཟེར་ན་མི་འདུག་མང་ཆེ་བ་གཅིག་པ་འདྲ་པོ་ཆགས་ཡོད་རེད། སྔོན་མ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ནང་ཏི་ཛུ་ས་གནས་སུ་བཅར་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་།མངའ་སྡེའི་ནང་སྲིད་བློན་ཆེན་གཙོས་བློན་ཆེན་གཞན་མང་པོ་མཇལ་རྒྱུ་བྱུང། དེའི་སྐབས་ཁོང་རྣམས་ཀྱིས་གསུང་བཤད་གནང་སོང་། ཁོང་རྣམས་ཚང་མ་བོད་དོན་ཐོག་དཔེ་མི་སྲིད་པའི་སེམས་ཁུར་ཡོད་པ་དང་། ལྷག་པར་དུ་ཨ་རུ་ནཱ་ཅལ་ནང་ཡོད་པའི་བོད་པའི་གཞིས་ཆགས་ཁག་དང་།བོད་མི་རྣམས་ལ་གཟིགས་སྐྱོང་གནང་རྒྱུ་དེ་ཚོའི་གྲས་ལ་སེམས་ཤུགས་དང་ཐུགས་ཁུར་ཆེན་པོ་ཞེ་དྲག་གནང་གི་འདུག་བྱས་ཙང་དེ་རིང་པདྨ་མཁའ་འགྲོ་ལགས་ཀྱི་ཨ་མ་ལགས་འདིར་ཕེབས་པ་ཡིན་ཙང་ཁོང་བརྒྱུད་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཁ་སང་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ཞུས་པ་བཞིན་ཕྱོགས་གཅིག་ནས་བོད་པ་དེ་བཙན་བྱོལ་བ་ཆགས་ནས་ཉམ་ཐག་པའི་གནས་སྟངས་ཞིག་ཆགས་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་གཙོ་བོ་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་གནས་ཡུལ་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ཁག་གི་མཐུན་འགྱུར་ལ་བརྟེན་ནས་བོད་པའི་ཆོས་དང་། རིག་གཞུང་སྐད་ཡིག་སོགས་ཉམས་པ་སླར་གསོ་ཐུབ་པ་བྱུང་ཡོད། སྐྱབས་བཅོལ་མང་པོའི་ནང་ནས་མ་འདྲ་བ་ཞིག་ཏན་ཏན་ཆགས་ཡོད། དེང་སང་རྒྱ་གར་ཙམ་མིན་པར། ཨ་རི་དང་། ཡུ་རོབ་ནང་གི་རྒྱལ་ཁབ་མང་པོ་ཞིག་གིས་བོད་པའི་རྩ་དོན་རེད། བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམིགས་བསལ་གྱི་དོ་སྣང་ཆེན་པོ་སླེབས་ཀྱི་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཀྱི་ཐོག་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ་རྒྱུའི་ནུས་པ་ཡོད་པ་༸གོང་ས་མཆོག་གིས་དུས་རྒྱུན་དུ་བཀའ་སློབ་ཕེབས་ཀྱི་ཡོད་རེད། དེ་བཞིན་ཚན་རིག་པ་དང་། མཁས་པ་མང་པོས་ནང་ཆོས་ལ་དོ་སྣང་བྱེད་རྒྱུ་ཞིག་ཆགས་ཡོད། དེ་ཚོའི་གྲས་ང་ཚོའི་ཐུན་མོང་གི་རིག་གཞུང་ཞིག་ཆགས་ཡོད། ཧི་མཱ་ལ་ཡ་ནང་ལ་ཁུ་ནུ་རིན་པོ་ཆེ་མཆོག་གི་གཙོས་བླ་མ་དཔེ་མི་སྲིད་པའི་རྩ་ཆེན་པོ་མང་པོ་བྱུང་ཡོད་པ་དང་། དེང་སང་དུས་ཚོད་དུའང་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་ལྟ་བུ་དང་། དེ་བཞིན་རིན་པོ་ཆེ་རྣམ་པ་དཔེ་མི་སྲིད་པའི་བསྟན་པ་ལ་ཕན་ཐོགས་ངེས་ཅན་གྱི་ཚད་དང་ལྡན་པ་ཡོང་གི་ཡོད། དེ་ཚོའི་གྲས་དགའ་འོས་པ་ཞིག་རེད། དེ་ཚོའི་ཐོག་ལ་མུ་མཐུད་ནས་ང་ཚོའི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་གནང་ཐུབ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད་འདུག ནང་ཆོས་ཀྱིས་སོ་སོའི་སྤྱི་ཚོགས་ཙམ་མིན་པར་སྤྱི་ཚོགས་གཞན་ལའང་ཕན་ཐོགས་ཐུབ་པའི་ནུས་པ་ཆ་ཚང་ཡོད་པ་དང་། དེ་འདྲའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་གཅེས་ནོར་ཞེས་གསུང་བསྡད་ཡོད་རེད། དེ་ག་ནང་བཞིན་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ང་ཚོས་སེམས་ཁུར་དང་ནུས་ཤུགས་ཆེ་ཙམ་བཏོན་ཐུབ་ན་དེའི་ཐོག་ནས་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པའི་ནུས་པ་ཆ་ཚང་འདུག་ཅེས་ཞུ་རྒྱུ་ཡིན།
རྣམ་པ་ཚོ་འདིར་ཕེབས་ཐུབ་པར་དམིགས་བསལ་དགའ་ཚོར་ཆེན་པོ་བྱུང་། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོམ་བགྲོད་དང་ལྷག་བསམ་སོགས་ཀྱི་མཐུ་ལ་བརྟེན་ནས་མི་རིང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལར་ཕྱིར་༸ཞབས་སོར་འཁོད་ཐུབ་རྒྱུ་དང་། བོད་ཀྱི་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་རྒྱུར་ཚང་མས་སྨོན་ལམ་དང་ཐུགས་སྨོན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད།
དེ་ནས་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་གིས་གསུང་དོན། ཞི་བའི་གོམ་བགྲོད་ཚར་བའི་རྗེས་ལྡི་ལིར་བཅར་སྐབས་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་གཙོས་ཚོགས་པ་ཁག་གིས་སྣེ་ལེན་གཟབ་རྒྱས་གནང་བ་དང་། དེ་བཞིན་རྡ་སར་ཕེབས་འབྱོར་སྐབས་སྣུམ་འཁོར་བབས་ཚུགས་སུ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་སྐྱིད་སྡུག་ཁག་གིས་ཕེབས་བསུའི་སྣེ་ལེན་གནང་སྐབས་སེམས་ནང་ཚོར་བ་ཤུགས་ཆེན་པོ་སྐྱེས་ཐུབ་པ་བྱུང་ཞེས་དང་། ལྷག་པར་དུ་རྡ་སར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་ཐོབ་པ་དང་། དེ་བཞིན་མགོན་པོ་གང་གི་བཀའ་སློབ་ཉན་རྒྱུའི་བསྐལ་པ་བཟང་པོ་ཐོབ་པ་སོགས་མི་ཚེའི་ནང་བརྗེད་དུ་མེད་པའི་ཚོར་བ་བྱུང་ཞེས་གསུངས།
དེ་བཞིན་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་ཞུགས་བཅར་ཐུབ་པ་དང་། གོམ་བགྲོད་འགོ་བཙུགས་པ་ནས་བཟུང་རྡ་སར་བསྡད་པའི་རིང་ཆ་ཚང་ལ་བོད་གངས་ཅན་གྱི་བདེན་མཐའ་གསལ་རྒྱུའི་ཐབས་ལམ་མང་པོའི་ཐོག་གོ་རྟོགས་གསར་པ་ཐོབ་པ་དང་། ཉམས་མྱོང་གསར་པ་མང་པོ་བསགས་རྒྱུའི་གོ་སྐབས་བཟང་པོ་བྱུང་། དེ་རིང་དངོས་སུ་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པའི་ནང་ང་རང་བཅར་རྒྱུ་བྱུང་བ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་མཇལ་རྒྱུ་བྱུང་བ་དེ་དཔེ་མི་སྲིད་པའི་མི་ཚེའི་ནང་གཞན་དང་མི་འདྲ་བའི་སེམས་ནང་ཚོར་སྣང་དང་དགའ་པོ་ཞེ་དྲག་བྱུང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་།
དེ་དང་ཆབས་ཅིག་དུས་རྒྱུན་༸གོང་ས་མཆོག་གིས་ཆོས་དང་རིག་གཞུང་གང་གི་ཐད་ནས་གཅིག་འགྱུར་ཡིན་པའི་ཧི་མཱ་ལ་ཡའི་རི་རྒྱུད་ལ་ཡོད་པའི་མི་མང་རྣམས་ལ་དམིགས་བསལ་བོད་པའི་ཐོག་ལ་འགན་ཁུར་ཡོད་རེད་ཅེས་བཀའ་སློབ་རབ་དང་རིམ་པ་གནང་བ་དེ་དག་སྙིང་བཅངས་ཞུས་པའི་ཐོག་ནས་དེ་སྔ་ཕན་ཆད་ནུབ་ལ་དྭགས་ནས་ཨ་རུ་ནཱ་ཅལ་གྱི་བར་ལ་བོད་ཀྱི་བདེན་དོན་ཐོག་ཕྱག་ལས་མང་པོ་ཞིག་གནང་ཡོད་རེད།
ད་དུང་ཡིན་ནའང་ང་ཚོས་བྱེད་དགོས་ཡག་དེ་མང་རུ་གཏོང་རྒྱུ་མ་གཏོགས་ད་ལྟ་ང་ཚོས་འདང་ཡོད་བསམ་ནས་རྩ་བ་ཉིད་ནས་དྲན་གྱི་མི་འདུག ང་ཚོས་ད་ལྟ་ཡིན་ནའང་སེམས་ནང་དྲན་བསྡད་པ་མང་པོ་ཞིག་བྱེད་མི་ཐུབ་པར་ལྷག་བསྡད་ཡོད་པ་ག་དུས་ཡིན་ནའང་སེམས་ནང་དྲན་གྱི་འདུག ༸གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཆེད་དེ་ལས་ལྷག་པའི་ཤུགས་ཆེ་བ་རྒྱག་དགོས་པ་དྲན་གྱི་འདུག་ཀྱང་སྐབས་རེ་ནུས་པས་མི་འདང་བ་དང་། མ་དྲན་པ་ཡོད་པ་དང་ཞན་ཆ་མང་པོ་ཡོད་པ་ཚོར་གྱི་འདུག་པས་དེ་དག་ལ་བཟོད་བསྲན་གནང་རོགས་ཞེས་དང་། རིམ་པས་ང་ཚོས་གང་བྱེད་དགོས་པ་དང་། བྱེད་ཐུབ་པ་གང་ཡོད་ནའི་བཀའ་སློབ་གནང་རོགས་ཞེས་ཞུ་རྒྱུ་དང་། ང་ཚོས་ཀྱང་དེའི་ཐོག་གང་ཐུབ་ཐུབ་ཀྱི་བྱེད་ཀྱི་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧི་མཱ་ལ་ཡའི་རི་རྒྱུད་ལ་བཀའ་དྲིན་ཆེན་པོ་ག་ཚོད་ཡིན་པ་ཞུ་མི་དགོས་པ་རེད། བོད་ལ་དུས་འགྱུར་བྱུང་བའི་རྗེས་ལ་༸གོང་ས་མཆོག་ཧི་མཱ་ལ་ཡའི་རི་རྒྱུད་ལ་ཕེབས་ནས་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་མང་པོ་བསྐོར་གནང་ནས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་གཞན་དང་མི་འདྲ་བའི་ནང་པའི་ཆོས་ཀྱི་གནས་ཚད་གོ་རྟོགས་ཡག་ཏུ་ཕྱིན་ཡོད་པ་དང་། དེ་བཞིན་འཕགས་མཆོག་སྤྱན་རས་གཟིགས་དང་ལས་འབྲེལ་ཡོད་པ་ཞིག་ཡིན་པ་གསལ་པོ་རེད། བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཡིན་ཞེས་ཞུས་པ་ནང་བཞིན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ལྷ་སྐལ་ཡང་འཕགས་མཆོག་སྤྱན་རས་གཟིགས་ཡིན་པ་དེ་ལོ་རྒྱུས་དང་། ལུང་དང་རྒྱུ་མཚན་མང་པོའི་ཐོག་ནས་ངེས་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ང་ཚོའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་ཡིད་ཆེས་འགྱུར་བ་མེད་པར་རྩེ་གཅིག་ཏུ་ག་དུས་ཡིན་ནའི་ཤུགས་ཆེན་པོ་ཡོད་པ་རེད། སླད་ཕྱིན་ཆད་ཡིན་ནའི་ང་ཚོས་བོད་ཀྱི་བདེན་དོན་གསལ་ཐབས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་དགོངས་བཞེད་སྒྲུབ་ཐུབ་རྒྱུའི་སྨོན་ལམ་དང་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།
དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། མེས་པོ་དམ་པ་གན་དྷི་མཆོག་གིས་རྒྱ་གར་རང་དབང་འཐབ་རྩོད་སྐབས་རྒྱ་གར་མི་མང་སྣེ་འཁྲིད་དེ་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་ལས་འགུལ་རྣམ་གྲངས་ ༡༩༨ ཙམ་སྤེལ་གནང་ཡོད་རེད། དེ་བཞིན་ཁོང་གི་འཚེ་མེད་ཞི་བའི་ཐབས་ལམ་གཞིར་བཅོལ་བའི་ཐོག་ནས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སོན་མན་ཌེ་ལ་མཆོག་དང་། ཨ་རིའི་མི་རིགས་དང་སྤྱི་ཚོགས་འདྲ་མཉམ་འཐབ་རྩོད་པ་མར་ཌིན་ལུ་ཐར་ཁིན་མཆོག་གིས་ཀྱང་སོ་སོའི་རྒྱལ་ཁབ་ནང་ལས་འགུལ་སྤེལ་ཡོད། བོད་མིའི་འཐབ་རྩོད་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་དབུ་འཁྲིད་འོག་བོད་ཕྱི་ནང་གཉིས་ཀའི་ནང་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད་རེད། དེ་རིང་ཁྱེད་ཚོས་ཆུ་དྭངས་མ་ནས་ཏེ་ཛི་པུར་བར་ཉིན་གྲངས་ ༡༡ རིང་ཞི་བའི་གོམ་བགྲོད་གནང་ཡོད། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད། ཆབས་ཅིག་ལས་འགུལ་དེ་བོད་ཀྱི་ལོ་རྒྱུས་གོ་རྟོགས་སྤེལ་བ་ཞིག་ཆགས་བསྡད་ཡོད། དེ་རིང་ཁྱེད་རང་ཚོས་སོ་སོའི་དུས་ཚོད་བཏང་ནས་༸གོང་ས་མཆོག་ལ་དད་གུས་ཆེན་པོ་དང་། བོད་ཀྱི་རྩ་དོན་ཐོག་ལས་འགུལ་དེ་འདྲ་ཞིག་སྤེལ་ཐུབ་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩ་བའི་འཛམ་གླིང་རྒྱལ་ཁབ་མང་པོའི་མི་རྡ་སར་༸གོང་ས་མཆོག་མཇལ་ཁ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཀྱི་སྨན་རྩིས་ཁང་། སློབ་གྲྭ་ཁག་ནང་གཟིགས་བསྐོར་ཕེབས་མཁན་མང་པོ་ཡོད། ཁོང་རྣམས་གཟིགས་བསྐོར་ཕེབས་གནང་རྗེས། བོད་པའི་རྩ་དོན་ཐོག་གོ་རྟོགས་ཆེ་རུ་ཕྱིན་ནས་སོ་སོའི་ས་གནས་སུ་ཕྱིར་ལོག་པའི་སྐབས་ལས་འགུལ་མང་པོ་སྤེལ་རྒྱུའི་སེམས་ཤུགས་ཡོང་གི་འདུག རྣམ་པ་ཚོ་དེ་རིང་རྡ་སར་བློ་ཉེ་པོ་བྱས་ནས་ཡོང་བ་ཡིན་ཙང་། ཁྱེད་རྣམ་པས་གང་གཟིགས་པ་དང་། མཇལ་བ། ཐོས་པའི་ཐོག་ནས་མ་འོངས་པར་སོ་སོའི་ས་གནས་ནང་ང་ཚོའི་ཚབ་བྱས་ནས་བོད་ཀྱི་དངོས་ཡོད་ཀྱི་ལོ་རྒྱུས་ཐོག་ལ་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་དང་། ས་གནས་ནང་གནས་པའི་བོད་མི་རྣམས་ལ་མཐུན་འགྱུར་གང་ཐུབ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། དེ་བཞིན་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་པའི་སྐབས་སུ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་གནད་དོན་གྲོས་ཚོགས་ནང་གླེང་སློང་དགོས་པའི་རེ་སྐུལ་ཞུས་པའི་ཐོག་ནས་ཁྱེད་རྣམ་པ་ཚོས་འོས་འཕེན་ཐུབ་ན། དེས་བོད་དོན་ཐོག་ལ་ཕན་རླབས་ཆེན་པོ་ཡོང་གི་ཡོད། དཔེར་ན་ཕ་རན་སིའི་རྒྱལ་ཁབ་ནང་བོད་དོན་རྒྱབ་སྐྱོར་བ་ཚོས་འོས་བསྡུའི་སྐབས་སུ་འོས་མི་ཚོས་གལ་སྲིད་བོད་ཀྱི་སྐོར་གྲོས་ཚོགས་ནང་གླེང་སློང་བྱེད་ན། ང་ཚོས་འོས་འཕེན་གྱི་ཡིན་ཞེས་པའི་ཆ་རྐྱེན་དེ་འདྲ་བཏོན་ནས་དམ་བཅའ་ཁས་ལེན་བྱེད་འཇུག་གི་ཡོད།
དེ་རིང་ཁྱེད་རང་ཚོས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་དེ་བོད་ཕྱི་ནང་གཉིས་ཀྱི་མཁྱེན་གྱི་ཡོད་རེད། ཁ་སང་གསུང་བཤད་གནང་མཁན་གྱི་གསུངས་པ་བཞིན། སྐྱབས་བཅོལ་བའི་མི་ཚེ་ལས་ཁག་པ་ཞིག་ཡོད་མ་རེད། ས་གང་ཡང་མེད་པའི་གནས་བབ་ཅིག་རེད། ང་ཚོ་རྒྱ་ནག་གི་མི་མང་དཀྱུས་མ་ཚོར་མི་དགའ་བ་མིན་པ་དང་། ཁོང་ཚོ་ཡང་སོ་སོའི་རྒྱལ་ཁབ་ཀྱི་དཔོན་པོའི་མདུན་དུ་རང་དབང་ལྡན་པའི་ཐོག་སྐད་ཆ་ཤོད་ཐུབ་ཀྱི་མེད། བྱས་ཙང་ཁྱེད་ཚོས་འདས་པའི་བོད་པའི་ལོ་རྒྱུས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལྷག་པར་བོད་ནང་རང་ལོ་༡༥ ཡན་སྐྱ་སེར་ཕོ་མོ་དབྱེ་བར་མེད་པར་བོད་ཀྱི་རིག་གཞུང་དང་སྐད་ཡིག མི་རིགས་སྲུང་སྐྱོབ་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས་རང་ལུས་མེར་བསྲེགས་གནང་བཞིན་ཡོད་པའི་སྐོར། འབྱུང་འགྱུར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་ཐོབ་ཐབས་གནང་གི་ཡོད་པ་ཆ་ཚང་ཤེས་པའི་ཐོག་ནས་རྒྱབ་སྐྱོར་གནང་གལ་ཆེན་པོ་ཡིན་པས། རྣམ་པ་ཚོས་མུ་མཐུད་རྒྱབ་སྐྱོར་གང་ཐུབ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
གྲོས་ཚོགས་ཀྱི་འགྲོ་སྟངས་ལྟ་བུར་ཆ་བཞག་ན་རྣམ་པ་ཚོའི་གྲོས་ཚོགས་དང་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་གཅིག་པ་ཡིན་ཡང་། ནང་དོན་ཐད་ཁྱད་པར་ཆེན་པོ་ཡོད། ང་ཚོའི་གྲོས་ཚོགས་ཚོགས་ཐེངས་གཉིས་ཡོད་པ་ཕྱི་ཟླ་ ༣ པ་དང་། ༩ པ་གཉིས་ཀའི་ནང་བོད་དོན་འཐབ་རྩོད་རྒྱུན་གནས་ཐུབ་ཐབས་དང་། བོད་དོན་རྒྱབ་སྐྱོར་ཐོབ་ཐབས། རྒྱལ་སྤྱིའི་ནང་བོད་དོན་གོ་རྟོགས་སྤེལ་ཐབས་སོགས་ཀྱི་ཐོག་བགྲོ་གླེང་གནང་གི་ཡོད་པ་དང་། དེ་འདྲའི་ཐོག་ནས་སྔོན་རྩིས་ཆ་བགོས་བྱེད་ཀྱི་ཡོད། འདིར་ཡོད་པའི་བོད་མིའི་སྒྲིག་འཛུགས་དེ་བོད་མི་ཡོངས་ཀྱི་ཚབ་མཚོན་གྱི་ཡོད་རེད། གྲོས་ཚོགས་ནང་བོད་ཆོལ་ཁ་གསུམ་གྱི་སྐུ་ཚབ་དང་། གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཆེན་པོ་བཞི་ཡི་སྐུ་ཚབ། ལྷོ་བྱང་ཨ་རིའི་ཁུལ་གྱི་སྐུ་ཚབ། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་གྱི་སྐུ་ཚབ། ཨོ་སེ་ཊོལེ་ཤེ་ཡའི་ཁུལ་གྱི་སྐུ་ཚབ་བཅས་ཡོད། དེ་བཞིན་སྤྱི་འཐུས་རྒྱུན་ལས་བཅུ་གཅིག་ཡོད་པ་དང་བདུན་གཅིག་ལ་ཚོགས་འདུ་གཉིས་རེ་ཚོགས་ཀྱི་ཡོད། སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་དང་། དེ་བཞིན་རྒྱ་གར་ནང་ལའང་བོད་ཀྱི་གནད་དོན་ཞུ་གཏུགས་ཆེད་ཕེབས་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུངས་གནང་ཡོད།
དེ་མཚུངས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བཙན་བྱོལ་བོད་མིའི་དཔལ་འབྱོར་ཡོང་ཁུངས་ཐོག་ལའང་གསུངས་གནང་བ་མ་ཟད། དངུལ་མང་ཉུང་ལ་མ་ལྟོས་པར་ལག་དེབ་སྔོན་པོ་བརྒྱུད་རྒྱལ་ཁབ་གཞན་གྱིས་མི་མང་རྣམ་པས་བོད་དོན་ཆེད་ཞལ་འདེབས་གནང་གི་ཡོད་སྐོར་གསུངས་གནང་ཡོད། ཆབས་ཅིག་འབྱུང་འགྱུར་སླར་ཡང་ལས་འགུལ་གང་མང་སྤེལ་རྒྱུའི་རེ་སྐུལ་ཡའང་ཞུས་གནང་ཡོད།
དེ་རྗེས་ཞི་བའི་གོམ་བགྲོད་པ་ཡོངས་ཀྱི་ཚབ་ཞུས་ནས་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་ཡུམ་རིན་ཆེན་སྒྲོལ་མ་ལགས་གཉིས་ཀྱིས་དཔལ་ལྡན་ཚོགས་གཙོ་མཆོག་ལ་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་གནང་ཡོད། དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་ནས་འདིར་ཕེབས་པའི་ཞི་བའི་གོམ་བགྲོད་པ་ཡོངས་ལ་མཇལ་དར་དང་ཕྱག་རྟགས་ཕུལ་ཟིན་རྗེས་གྲོས་ཚོགས་ཚོགས་ཁང་ནང་གཟིགས་བསྐོར་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ལྷན་གསོལ་ཇ་བཞེས་ཏོག་དང་འཚམས་འདྲི་ཞུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།