ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་དང་། ཨོ་སི་ཀྲི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གིས་མགྲོན་འབོད་འོག ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་རྣམ་གཉིས་ཕྱི་ཟླ་ ༣ ཚེས་ ༢༣ ནས་ཕྱི་ཟླ་ ༤ ཚེས་ ༡ བར་ཉིན་གྲངས་བཅུའི་རིང་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སིད་ནི་དང་། རྒྱལ་ས་ཁེན་བྷེ་ར། མེལ་སྦོན་གྲོང་ཁྱེར་བཅས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༣༠ ཐོག་ཉི་མ་ལྷ་མོ་ལགས་དང་། སྐལ་ལྡན་མཚོ་མོ་ལགས་རྣམ་གཉིས་སིད་ནི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས། གནམ་ཐང་ཐོག་ཨོ་སི་ཀྲི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། སིད་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་དོན་འགྲུབ་ལགས། རིག་གཞུང་འགན་འཛིན་དང་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་སྤྱི་གཅིག་ལྕོགས་བསྟན་འཛིན་དབང་འདུལ་ལགས། རིན་པོ་ཆེ་མཆོག་གི་དགེ་ཕྲུག་སོགས་ཕེབས་བསུར་བཅར་ཡོད།
ཕྱི་ཟླ་ ༣ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཉི་མ་ལྷ་མོ་ལགས་སིད་ནི་བོད་རིགས་མཐུན་ཚོགས་ཀྱི་གཟའ་མཇུག་བོད་ཡིག་སློབ་གྲྭའི་རིག་གནས་སྐྱེད་འཚལ་ཁང་དུ་ཆེད་བཅར་གྱིས། སློབ་ཕྲུག་ཚོར་སོ་སོའི་མི་ཚེའི་ལོ་རྒྱུས་མྱོར་ཚོར་དང་འབྲེལ། བོད་ནང་གི་བོད་མི་ཚོས་སོ་སོའི་སྲོག་འབེན་ལ་བཙུགས་ཏེ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བདག་པོ་བརྒྱབ་རྒྱུར་དཀའ་ལས་ཇི་ལྟར་བསྐྱོན་བཞིན་པའི་སྐོར་དང་། རང་དབང་ལུང་པར་འཚར་ལོངས་བྱུང་བཞིན་པའི་རང་ཅག་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་བརྗེད་དུ་མ་འཇུག་པར་ཤུགས་རྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུང་བཤད་གནང་བ་ཁག་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨིན་འགྱུར་གནང་བ་དེས་སློབ་ཕྲུག་ཚོར་དོ་སྣང་དམིགས་བསལ་བ་ཞིག་སྟེར་ཡོད།
ཕྱི་ཟླ་ ༣ ཚེས་ ༢༤ ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༥།༣༠ བར་ཆུ་ཚོད་གསུམ་དང་ཕྱེད་ཙམ་རིང་། སིད་ནི་ཚན་རྩལ་གཙུག་ལག་སློབ་གཉེར་ཁང་ (UTS) དུ་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་འོག ཉི་མ་ལྷ་མོ་ལགས་ཀྱིས་སིད་ནི་ཁུལ་དུ་གནས་བཞུགས་མང་གཙོ་དོན་གཉེར་བ་དང་། རང་དབང་ཤེས་ཡོན་ཅན། སྐམ་ས་ནས་ཕེབས་པའི་སློབ་ཕྲུག བོད་དོན་རྒྱབ་སྐྱོར་བ་སོགས་རྒྱ་རིགས་གྲོགས་པོ་དང་། སིད་ནི་ཁུལ་དུ་གནས་སྡོད་རང་རིགས་རྒྱ་ཡིག་ཤེས་མཁན་སོགས་དང་ལྷན་དུ་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་པ་དང་། བགྲོ་གླེང་ཚོགས་འདུར་རྒྱ་མི་མང་པོ་མིག་ཆུ་ཤོར་ཡོད་པ་མ་ཟད། བོད་མིའི་སྙིང་སྟོབས་དང་སྤོབས་པར་ཧ་ལས་ཏེ། གལ་སྲིད་རྒྱ་ནག་གི་ཧན་མི་རིགས་ལ་བོད་པ་ལྟ་བུའི་སྙིང་སྟོབས་དང་ཆོད་སེམས་ཡོད་ན་རྒྱ་ནག་སྔ་ས་ནས་རང་དབང་མང་གཙོའི་ངོ་བོར་འགྱུར་ཟིན་པའི་སྐོར་སོགས་ཀྱི་བསམ་ཚུལ་བརྗོད་མཁན་མང་པོ་བྱུང་།
དུས་སྐབས་དེ་དང་བསྟུན་སློབ་གྲྭ་དེའི་སློབ་དཔོན་ཆེན་པོ་དང་གྲགས་ཅན་རང་དབང་ཤེས་ཡོན་པ་སྐུ་ཞབས་ཧྥུང་ཁྲོམ་དབྱེ་ལགས་སོགས་ནས་ཀྱང་རྒྱ་དམར་གྱི་ཚོགས་ཆེན་བཅུ་དགུ་དང་རྩ་ཁྲིམས་ལ་འགྱུར་བ་བཏང་བའི་རྗེས་སུ་མ་འོངས་རྒྱ་ནག་གི་སྤྱི་ཚོགས་དང་ཆབ་སྲིད་འཕེལ་ཕྱོགས་དང་། བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ལ་འགྱུར་བ་ཇི་ལྟར་ཕྱིན་མིན་སོགས་ལའང་བགྲོ་གླེང་ལྷུག་པོ་གནང་ཡོད།
ཕྱི་ཟླ་ ༣ ཚེས་ ༢༥ དགོང་མོའི་ཆུ་ཚོད་ ༦ པའི་ཐོག་སིད་ནི་ཁུལ་གནས་སྡོད་བོད་མི་རྣམས་ཌེ་ཝེ་ཡེ་ཤུ་ཆོས་ཁང་གི་ཚོགས་ཁང་དུ་འཛོམས་ནས་ཉི་མ་ལྷ་མོ་ལགས་ཀྱིས་རིན་པོ་ཆེ་མཆོག་བཙོན་ཁང་དུ་ཚུད་རིང་དང་། དམིགས་བསལ་གློ་བུར་དུ་དགོངས་པ་རྫོགས་པའི་སྐབས་སུ་སོ་སོའི་ནང་མི་དང་། ཕ་ཡུལ་གྱི་ཡུལ་མི་ཚོར་དཀའ་ངལ་ཇི་འཕྲད་ཀྱི་དངོས་བྱུང་མྱོང་ཚོར་བརྗོད་སྐབས། མི་མང་མང་པོ་མིག་ཆུ་ཤོར་བ་དང་། སྐལ་ལྡན་མཚོ་མོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མནའ་འབྲེལ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་སོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་དང་འབྲེལབ་བའི་ངོ་སྤྲོད་གནང་བར་མང་ཚོགས་ནས་དགའ་ཚོར་ཆེན་པོ་བྱུང་ཡོད།
ཕྱི་ཟླ་ ༣ ཚེས་ ༢༦ ཉིན་སིད་ནི་བོད་རིགས་མཐུན་ཚོགས་ཀྱིས་དམིགས་བསལ་ཕེབས་བསྐྱེལ་གོ་སྒྲིག་འོག ཉི་མ་ལྷ་མོ་ལགས་དང་སྐལ་ལྡན་མཚོ་མོ་ལགས་རྣམ་གཉིས་ཕེབས་འཁོར་བརྒྱུད་སིད་ནི་ནས་ཨོ་གླིང་རྒྱལ་ས་ཁེན་བྷེ་རར་ཕེབས་འབྱོར་བྱུང་བ་དང་། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆ་ཚོད་ ༩།༣༠ ཐོག་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོབ་ཚོགས་པའི་ཚོགས་མི་ཡིག་ཚང་དུ་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མའེ་ཁེ་ཌེམ་པེ་མཆོ་རྣམ་གཉིས་ནས་ཐུགས་བརྩེ་བ་ཆེན་པོས་ཉི་མ་ལྷ་མོ་ལགས་ལ་མཇལ་འཕྲད་གནང་བ་མ་ཟད། བོད་དོན་ལ་རྒྱུས་མངའ་དང་རྒྱབ་སྐྱོར་ཆེན་པོ་ཡོད་པའི་ཐོག་མོ་དང་མོའི་ནང་མི། དེ་བཞིན་བོད་ནང་གི་བོད་མི་ཚོར་མྱོང་བཞིན་པའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོད།
སྔ་དྲོ་ཆུ་ཚོད་ ༡༡།༣༠ ནས་ ༡༢ བར་ཆུ་ཚོད་ཕྱེད་ཀ་རིང་། ད་ཐེངས་ཨོ་གླིང་དུ་ཞུ་གཏུག་ལས་འགུལ་གི་བརྗོད་པ་གཙོ་བོ་ཨོ་གླིང་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་ཉན་ཞིབ་ཚོགས་འདུ་འགོ་འཛུགས་ཞུས་ཡོད་ཅིང་། ཉི་མ་ལྷ་མོ་ལགས་ཀྱིས་ཞིང་གཤེགས་ཨ་ཞང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་མི་གང་འདྲ་ཞིག་ཡིན་པ་དང་། ཁོང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་རླབས་ཆེའི་མཛད་པ་གང་དང་གང་བསྐྱངས་ཡོད་པ། རྒྱ་དམར་གཞུང་གིས་ཁོང་ལ་མ་ཉེ་ཁག་གཡོག་གིས་བཙོན་འཇུག་བྱས་རིང་། ཕ་ཡུལ་གྱི་ཡུལ་མི་དང་སྤུན་ཉེ་ཚོར་སྡུག་བསྔལ་ཡ་ང་བ་བརྗོད་ཀྱི་མི་ལང་བ་ཇི་ལྟར་འཕྲད་པའི་དངོས་བྱུང་ལོ་རྒྱུས་ཞིབ་ཅིང་ཕྲ་བ་བརྗོད་པ་མ་ཟད། མཐའ་མ་རིན་པོ་ཆེ་མཆོག་རྒྱ་མིའི་བཙོན་ཁང་དུ་གློ་བུར་དུ་དགོངས་པ་རྫོགས་སྐབས། མོ་དང་མོའི་ཨ་མ། ཨ་ནེ། ཡུལ་མི་ཚོས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཡར་ཕ་ཡུལ་ལ་གདན་འདྲེན་ཞུས་ཐབས་དང་། རིན་པོ་ཆེ་དགོངས་པ་རྫོགས་ལུགས་སྐོར་འགྲེལ་བཤད་གསལ་པོ་དགོས་པའི་རྩོད་ལེན་ལ་འབྲས་བུ་གང་ཡང་ཐོན་མེད་པར། རྒྱ་དམར་གཞུང་གིས་ཁྲིམས་སྒྲིག་གཏན་འབེབས་ལ་ལྟོས་མེད་ཀྱིས་རིན་པོ་ཆེའི་སྐུ་ཕུང་བཙན་གྱིས་མེར་བསྲེགས་བཏང་བ་དང་། མཐའ་ན་རིན་པོ་ཆེའི་སྐུ་ཐལ་ཡན་ང་ཚོར་སྤྲད་མ་ཕོད་པའི་གནས་སྟངས་མང་པོར་བལྟས་ན། རིན་པོ་ཆེ་མཆོག་ཁོ་ཚོས་དུག་གིས་བཀྲོངས་ཡོད་པའི་དོགས་པ་ཆེན་པོ་ཡོད་ཅེས་དང་། ཉི་མ་ལྷ་མོ་མོ་ལགས་ཀྱང་དེ་དུས་ད་རྒྱ་གཞུང་ལ་སྐྱིད་སྡུག་ཞུ་སའི་ལམ་ཁ་གང་ཡང་མི་འདུག གལ་སྲིད་རང་ཤི་བརྒྱབ་པ་ཡིན་ན་རྒྱལ་སྤྱིའི་ཐོག་དོ་སྣང་དང་རྒྱབ་སྐྱོར་དེ་བས་ཆེ་བ་ཐོབ་རྒྱུ་རེད་སྙམ་ནས་རང་ཤི་བརྒྱབ་གྲབས་བྱས་སྐབས། ཁོང་ཚོར་རིན་པོ་ཆེའི་སྐུ་ཕུང་ཁྱུག་ཙམ་མཇལ་རྒྱུའི་གོ་སྐབས་བྱུང་བ་དང་། དེ་དུས་རིན་པོ་ཆེའི་མཆུ་ཏོ་དང་སེན་མོ་ནག་པོ་ནག་རྐྱང་ཆགས་ཡོད་པ་མི་མང་པོས་མཇལ་ཡོད་སྐོར་སོགས་བརྗོད་པ་མ་ཟད། མཐའ་མ་དོན་ཚན་གསུམ་གྱི་རེ་བ་བཏོན་ཡོད།
༡༽ ཨོ་གླིང་གྲོས་ཚོགས་དང་གཞུང་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ནག་ཉེས་ག་རེ་བསགས་ཏེ་བཙོན་ལ་བཅུག་པའི་སྐོར་འདྲི་རྩད་དང་།
༢༽ རིན་པོ་ཆེ་བཙོན་ཁང་དུ་དགོངས་པ་ཇི་ལྟར་རྫོགས་པ།
༣༽ རིན་པོ་ཆེ་མཆོག་གི་བདེན་མཐའ་མ་གསལ་བར་དུ་མུ་མཐུད་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་ན་རྒྱབ་སྐྱོར་གནང་རོགས་ཞེས་ཞུས་པར། དེར་ཡོད་གྲོས་ཚོགས་འཐུས་མི་རྣམས་ནས་ཁས་ལེན་གནང་བ་མ་ཟད། ཕན་ཚུན་དྲི་བ་དྲིས་ལན་ཡང་མང་པོ་གནང་ཡོད།
དེ་ཉིན་གྱི་དགོང་མོར་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ནས་ཉི་མ་ལྷ་མོ་ལགས་དང་སྐལ་ལྡན་མཚོ་མོ་ལགས་རྣམ་གཉིས་ལ་གསོལ་སྟོན་གཤམ་པ་དང་སྦྲགས། ཕན་ཚུན་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་དུས་ཚོད་གོ་སྒྲིག་ཞུས་ཡོད་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་གྱི་དགོང་མོར་བླ་མ་ཆོས་གྲགས་རིན་པོ་ཆེའི་ཆོས་ཚོགས་སུའང་དད་ལྡན་ཕྱི་གླིང་པ་མཉམ་དུ་ཕན་ཚུན་བགྲོ་གླེང་གི་གོ་སྐབས་ལེགས་པོ་བྱུང་ཡོད།
ཕྱི་ཚེས་ ༢༩ ཉིན་ཁེན་བྷེ་ར་ནས་མཁའ་ལམ་བརྒྱུད་མེལ་སྦོན་གྲོང་ཁྱེར་དུ་འབྱོར་བ་དང་། མེལ་སྦོན་བོད་རིགས་མཐུན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག ཕྱི་རྒྱལ་བོད་དོན་རྒྱབ་སྐྱོབ་བ་དང་མཉམ་དུ་སྐད་ཆ་བཤད་རྒྱུའི་གོ་སྐབས་སྐྲུན་པ་མ་ཟད། ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་དང་། དམིགས་བསལ་མེལ་སྦོན་གནས་བཞུགས་རྒྱ་རིགས་གྲོགས་པོ་ཚོ་དང་མཉམ་དུ་ཉིན་ཕྱེད་རིང་གི་དུས་ཚོད་བཏང་སྟེ་ཕན་ཚུན་བགྲོ་གླེང་ལྷུག་པ་གནང་བ་དང་། རྒྱ་སྐད་བརྙན་འཕྲིན་གྱི་ཆུ་ཚོད་ཕྱེད་ཀ་རིང་གི་བཅར་འདྲིའི་ལས་རིམ་ཡང་བཟོས་ཡོད་པ་བཅས་ཉིན་བཅུའི་རིང་གི་ཞུ་གཏུག་ལས་འགུལ་ལེགས་གྲུབ་བྱུང་སྟེ། ཕྱི་ཟླ་ ༤ ཚེས་ ༢ ཉིན་མེལ་སྦོན་ནས་རྒྱལ་སྤྱིའི་གནམ་ལམ་བརྒྱུད་ཕྱི་རྒྱ་གར་འཕགས་པའི་ཡུལ་དུ་བདེ་འབྱོར་བྱུང་ཡོད་པ་བཅས། །