ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་གྱི་ཆ་ཤས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ཉིན་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་དང་། མཁས་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་གནད་ཡོད་མི་སྣ་ ༣༠༠ ལྷག་ལ་ནང་ཆོས་ངོ་སྤྲོད་གནང་དོན།
མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུར། རང་ཉིད་ཀྱིས་ཤེས་བྱ་ཡོན་ཏན་ཅུང་ཙམ་ཤེས་ཀྱི་ཡོད་པ་དེ་རྣམ་པ་ཚོ་དང་མཉམ་དུ་གོ་རྟོགས་སྤེལ་རེས་བྱེད་རྒྱུར་ང་རང་རྒྱུན་དུ་དགའ་མོས་བྱེད་ཀྱི་ཡོད། རྣམ་པ་ཚོས་ང་དང་ངའི་རྩ་བའི་བླ་མ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་མཐུན་འགྱུར་རོགས་རམ་བླ་ན་མེད་པར་གནང་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ནི་མཛེས་སྡུག་ལྡན་པའི་འཛམ་གླིང་ཁྱིམ་གཞིས་ཆེན་པོ་འདིའི་ནང་གི་མི་འབོར་ཐེར་འབུམ་བདུན་ལྷག་ཡོད་པའི་ཁྲོད་ནས་གཅིག་རེད། ང་ཚོ་མི་རེ་ངོ་རེ་ནས་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་རྣམས་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་བཟོ་རྒྱུ་ང་ཚོར་ཐུན་མོང་གི་འགན་ཡོད། འགྲོ་བ་མི་དང་དུད་འགྲོ་སེམས་ཅན་གཞན་གྱི་ཁྱད་པར་ནི་ཧ་ཅང་ལས་སླ་པོ་ཞིག་རེད། ང་ཚོ་འགྲོ་བ་མིས་གནས་ཚུལ་ཞིག་ཡག་ཏུ་བཟོ་ཐུབ་ལ་སྡུག་ཏུའང་བཟོ་ཐུབ། གོ་སྒྲིག་ཚོགས་ཆུང་གིས་ང་ལ་དྲན་པ་ཉེ་བར་བཞག་པའི་སྐོར་བཤད་རོགས་ཞེས་རེ་སྐུལ་གནང་བྱུང་། བརྗོད་གཞི་དེ་ཧ་ཅང་གལ་ཆེན་པོ་རེད། དྲན་པ་ཉེ་བར་བཞག་པ་ཟེར་བ་དེ་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་ཞིག་རེད། དེ་ནི་བཀའ་འགྱུར་གྱི་ཆ་ཤས་ཤིག་རེད། བཀའ་འགྱུར་ཟེར་བ་དེ་སངས་རྒྱས་ཀྱི་བཀའ་དངོས་ཡིན་པ་དང་། དེ་ནི་བོད་ཀྱི་ལོ་ཙཱ་བ་དང་རྒྱ་གར་གྱི་མཁས་པ་ཚོས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་ཞིག་རེད།
དེ་བཞིན་བསྟན་འགྱུར་ཡང་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་ཡོད། བསྟན་འགྱུར་ལ་པོ་ཏི་ ༢༢༥ ལྷག་ཡོད། བཀའ་འགྱུར་དང་བསྟན་འགྱུར་བསྡོམས་ན་བོད་བརྒྱུད་ནང་བསྟན་ཟེར་བ་དེ་ཡིན་ཞིང་། དེ་གཉིས་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་འབྱུང་ཁུངས་ཡིན། དྲན་པ་ཉེ་བར་བཞག་པ་ཞེས་པའི་ཐ་སྙད་ནི་མདོ་སྡེ་དྲན་པ་ཉེ་བར་བཞག་པ་ལས་བྱུང་བ་ཞིག་རེད། མདོ་སྡེ་དྲན་པ་ཉེ་བར་བཞག་པ་ལ་ཤོ་ལོ་ཀ་ ༣༦༠༠༠ ཡོད། གང་ལྟར་དྲན་པ་ཉེ་བར་བཞག་པ་ཞེས་པ་དེ་བརྗོད་བྱ་ཧ་ཅང་རྒྱ་ཆེན་པོ་རེད། དྲན་པ་ཉེ་བར་བཞག་པ་ལ་དབྱེ་ན་བཞི་ཡོད་དེ། ལུས་དྲན་པ་ཉེ་བར་བཞག་པ། ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་དྲན་པ་ཉེ་བར་བཞག་པ། ཆོས་དྲན་པ་ཉེ་བར་བཞག་པ་བཅས་བཞི་ཡོད་སོགས་ཀྱི་སྐོར་ཆུ་ཚོད་ ༡ ཙམ་རིང་ངོ་སྤྲོད་གནང་རྗེས། དྲི་བ་ཁག་ལ་ལན་འདེབས་གནང་སྟེ་ལེགས་པར་མཇུག་བསྒྲིལ་ཡོད་པ་བཅས། །