༢༠༡༨ ཟླ་ ༤ ཚེས་ ༡ རེས་གཟའ་ཉི་མ།
༄༅། །རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་རྒྱ་གར་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་མ་ཧེཤ་ཤརྨ་ Mahesh Sharma མཆོག་གིས། ཕན་ཚུན་གཉིས་ཀྱི་མཛའ་བརྩེའི་འབྲེལ་ལམ་ཐོག་ནས་ཡིན་ནའང་འདྲ། སྤུན་རྒན་གཞོན་གཉིས་ཀྱི་འབྲེལ་བའི་སྐོར་ཡིན་ནའང་རེད། དེ་བཞིན་བླ་སློབ་གཉིས་ཀྱི་འབྲེལ་བའི་དབར་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་སྟངས་གང་ཡང་མཐོང་གི་མེད། འཕགས་བོད་གཉིས་ལོ་ངོ་སྟོང་གི་རིང་ནས་མཛའ་བརྩེའི་འབྲེལ་ལམ་དེ་འཇལ་བྱེད་སྒང་ལ་གཞག་ནས་ཚད་འཇལ་ཐུབ་རྒྱུ་མེད། རྒྱ་གར་རིག་གཞུང་ནང་འཛམ་གླིང་ཡོངས་རྫོགས་ཁྱིམ་ཚང་གཅིག་ཡིན་པའི་ལྟ་ཚུལ་འཛིན་བཞིན་ཡོད། ཁྱེད་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུའི་ཀུན་སློང་ཙམ་མ་ཟད་གོང་དུ་གླུ་དབྱངས་སོགས་ནས་རྣམ་འགྱུར་གསལ་འདོན་གནང་བ་དེ་དག་གིས་སེམས་འགུལ་ཧ་ཅང་ཐེབས་ནས་མིག་མཆིལ་མས་ཁེང་བྱུང་། བཙན་བྱོལ་བའི་གནས་སྟངས་འོག་དཀའ་ངལ་ཇི་འདྲ་ཞིག་ཡོད་པ་ངས་ཚོར་ཐུབ་ཀྱི་འདུག བོད་མི་ཚོ་ང་ཚོའི་བཀུར་བ་འོས་པའི་སྐུ་མགྲོན་ལས་བཙན་བྱོལ་བ་ཞིག་ལ་ངོས་འཛིན་ཞུ་ཐུབ་ཀྱི་མི་འདུག ང་ཚོས་ཁྱེད་བོད་མི་ཚོ་ནང་མི་གཅིག་ལྟ་བུར་འཛིན་བཞིན་ཡོད། གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཕགས་བོད་གཉིས་ཀྱི་ཆོས་དང་རིག་གཞུང་སོགས་མཛའ་བརྩེའི་འབྲེལ་བ་ནི་མེ་ཏོག་དང་མེ་ཏོག་གི་དྲི་ཞིམ་ལྟ་བུ་ཆགས་ཡོད་སྟབས་ཁ་བྲལ་ཐབས་ཟེར་བ་ཧ་ལམ་མི་སྲིད་པ་ཞིག་རེད། དེར་བརྟེན་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་སྟངས་རྩ་བ་ནས་མེད། འཕགས་བོད་གཉིས་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་། ལེགས་བྱང་གི་འབྲེལ་བ་དེ་དག་དུས་ད་ལྟ་བར་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ནས་རྒྱུན་འཛིན་གཅེས་སྐྱོང་གནང་མུས་ཡིན། དེའི་ཐོག་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད། མགོན་པོ་གང་ཉིད་རྒྱ་གར་དུ་༸ཞབས་སོར་འཁོད་མཚམས་དགོན་སྡེ་དང་སློབ་གྲྭ་སོགས་གསར་འཛུགས་མཛད་པ་མ་ཟད། ངའི་བློན་ཆེན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཝཱ་ཎ་བོད་ཀྱི་མཐོ་སློབ་ལྟ་བུས་རྒྱ་གར་ནང་ཙམ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་བཞིན་ཡོད་པར་བརྟེན་རྒྱ་གར་སྲོལ་རྒྱུན་རིག་གནས་ལ་འཛམ་གླིང་ཁྱོན་དུ་ཚད་མཐོའི་གདེང་འཇོག་ཐོབ་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཚབ་མཛད་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་འཚེ་མེད་ཞི་བ་དང་བྱམས་བརྩེའི་བསླབ་བྱ་དེ་དག་འཛམ་གླིང་ཕྱོགས་ཀུན་ཏུ་དར་སྤེལ་མཛད་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ཕྱིར་རང་ཡུལ་དུ་ཆིབས་སྒྱུར་བསྐྱང་རྒྱ་དེ་བོད་མི་ཚང་མའི་རྨི་ལམ་ནང་ཡོད། ང་ཚོས་ཀྱང་རྨི་ལམ་དེ་མངོན་གྱུར་ཡོང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།