ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་དེང་རབས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་སླད། རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་རིགས་སྒྱུ་རྩལ་བ་དང་སྒྱུ་རྩལ་མཁན་གསར་པ་ཐོན་བཞིན་པ་རྣམས་ལ་སྒྱུ་རྩལ་རྒྱ་བསྐྱེད་གཏོང་རྒྱུ་དང་། མཁས་རྩལ་རྒྱ་ཁྱབ་གཏོང་བར་རམ་འདེགས་ཞུ་ཕྱིར། འདི་ལོ་ཡང་བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཁོ་ནའི་ལས་འཆར་ཆེད་ཧིན་སྒོར་ཁྲི་ལྔ་ནས་འབུམ་གསུམ་བར་རོགས་དངུལ་འབུལ་རྒྱུ་ཡིན་པས། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལས་འཆར་བྱ་འདོད་ཡོད་རིགས་རྣམས་ནས་ཞུ་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ Word/Excel/pdf གང་རུང་ནང་བཟོས་ཏེ་ཆོས་རིག་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ངམ་སྦྲག་བརྒྱུད་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༠ འགྱངས་མེད་ཕུལ་ཟིན་པ་དགོས།
དགོས་ངེས་ཡིག་ཆ་ཁག
• དོ་བདག་གི་མཚན་རྟགས་འཁོད་པའི་འགེངས་ཤོག་སྙན་ཞུ།༼འགེངས་ཤོག་ཟུར་སྣོན་ཞུས་ཡོད།༽
• བོད་ཨིན་གང་རུང་ནང་ལས་འཆར་གང་གི་ཆེད་དུ་རོགས་དངུལ་ཞུ་བཞིན་པ་དེའི་འགྲེལ་བརྗོད་ཤོག་ངོས་གསུམ་ནས་ལྔ་བར་འབུལ་དགོས། ༼ཟུར་སྣོན་ལས་འཆར་འབུལ་ཕྱོགས་ལམ་སྟོན་ལྟར་བཀང་དགོས།༽
• ལས་འཆར་གྱི་འཆར་རྩིས། ༼ཟུར་སྣོན་འཆར་རྩིས་འགེངས་ཤོག་མ་དཔེ་ལྟར་འགོད་དགོས།༽
• སོ་སོའི་ལས་རིགས་ཐོག་ཤེས་མྱོང་ཡོད་པའི་མི་སྣ་གསུམ་ནས་འབྲེལ་སྦྱོར་རྒྱབ་གཉེར་ཡི་གེ་གསར་པ་འབུལ་དགོས།
• ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣༡ བར་དྭང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
• དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
ཐུགས་སྣང་། གོང་འཁོད་དགོས་ངེས་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས།
འདེམས་སྒྲུག་བརྒྱུད་རིམ།
• འདེམས་སྒྲུག་ཆེད་དོན་ཚོགས་ཆུང་ནས་མཐའ་མིའི་འདེམས་སྒྲུག་བྱ་རྒྱུ།
• རྡ་ས་ཉེ་འཁྲིས་སུ་ཡོད་པའི་སྙན་འབུལ་བ་རྣམས་ལ་ངོ་འཕྲད་དྲི་ལན་དང་།སྙན་འབུལ་བ་གཞན་རྣམས་ལ་ཁ་པར་རམ་ཀམ་པུ་ཊར་༼ Skype ཡང་ན་ Video calling ༽ བརྒྱུད་དྲི་ལན་བྱ་རྒྱུ།
• མཐའ་མའི་འདེམས་སྒྲུག་ཟིན་པའི་མི་འགྲོ་རྣམས་ལ་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༥ ཉིན་འགྱངས་མེད་བརྡ་ ལན་གཏོང་རྒྱུ།
འདེམས་སྒྲུག་བརྒྱ་ཆ་གནང་ཕྱོགས།
• ལས་འཆར་གྱི་བཟོ་སྒྲིག་སྤུས་ཚད་ལ་བརྒྱ་ཆ་ ༣༠ དང་།
• དྲི་ལན་ལ་བརྒྱ་ཆ་ ༧༠ བཅས་ཆ་བགོད་གནང་ཡོད།
ཞུ་སྙན་འབུལ་ཡུལ།
The Secretary
Department of Religion and Culture, CTA
P.O. Dharamsala-176215, District Kangra, H.P.
Email: [email protected]
Phone: 01892-226737 / 222685