ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༠ ཉིན་རྡ་ས་བོད་ཀྱི་ཟློས་གར་ཐང་ཆེན་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམས་ཞིབ་པ་གཞན་གཉིས་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་ཀྱི་ཟློས་གར་ཚོགས་པའི་འབྲེལ་ཡོད་སྐུ་མགྲོན་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གནས་ཁག་གི་ལྷ་མོའི་འཁྲབ་སྟོན་པ་རྣམ་པ། ཕྱི་རྒྱལ་བ། གསར་འགོད་པ། སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཞོ་སྟོན་སྐོར་ངོ་སྤྲོད་དང་སྦྲགས། ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན།
ལོ་རྒྱུས་ཐོག་ནས་བོད་ཀྱི་ཞོ་སྟོན་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ལྷ་མོའི་སྒྱུ་རྩལ་ནི། དུས་རབས་ ༡༤ ནང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་བོད་དུ་གསར་གཏོད་མཛད་པའི་ཐུན་མོང་མིན་པའི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན་པ་དང་། རིམ་བཞིན་དུས་རབས་ ༡༧ ནང་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཞོ་སྟོན་དང་བསྟུན་གཞུང་འབྲེལ་འཁྲབ་སྟོན་ཐོག་མ་ཞུས་པ་ནས་བཟུང་བོད་ཀྱི་ཞོ་སྟོན་ཞེས་བོད་ས་མ་ཤོར་བར་ནོར་གླིང་ཕོ་བྲང་གི་སྡིངས་ཆའི་སྟེང་སྒྱུ་རྩལ་འཁྲབ་སྟོན་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་གི་དུས་ཆེན་གལ་ཆེ་ཞིག་ཡིན།
རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གཏོར་བཤིག་བཏང་ནས་བོད་རྒྱ་སྡེར་སྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་བསྒྱུར་རྒྱུའི་འབད་བརྩོན་བྱས་པ་རེད། འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་རིག་གཞུང་གི་བསྟི་གནས་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་དང་། སྐབས་དེར་ལྷ་མོ་འཁྲབ་མཁན་ཉུང་ཤས་ལས་མེད་ཀྱང་༸གོང་ས་མཆོག་གིས་ཁྱེད་རང་ཚོ་ཉུང་ཤས་ལས་མེད་ནའང་སེམས་ཤུགས་ཆགས་རྒྱུ་མེད། བོད་ཀྱི་ཐུན་མིན་རིག་གཞུང་དེ་དག་སྲུང་སྐྱོབ་དང་གོང་འཕེལ་གཏོང་སླད་རྣམ་པ་ཚོས་འབད་བརྩོན་བྱེད་ཤོག་ཨང་། ཞེས་བཀའ་སློབ་སྩལ་བ་གཞིར་བཟུང་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་ནས་ལྷ་མོའི་སྒྱུ་རྩལ་ཧྲ་ཏག་ཏག་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། དར་སྤེལ་གནང་དང་གནང་མུས་རེད།
ཕྱི་ལོ་ ༡༩༩༣ ལོར་དབུས་དང་ས་གནས་ལྷ་མོ་ཚོགས་པ་མཉམ་འདུས་ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་སླར་གསོ་ཐོག་མ་ཞུས་པ་ནས་ད་བར་མུ་མཐུད་སྲུང་བརྩི་ཞུས་དང་ཞུ་མུས་རེད། སྐབས་ ༡༤ བཀའ་ཤག་སྐབས་སུའང་ལྷ་མོ་སྒྱུ་རྩལ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། བོད་ནང་རྒྱ་ནག་གཞུང་གིས་གཏོར་བཤིག་གཏོང་རྒྱུ་འབད་བརྩོན་བྱེད་བཞིན་ཡོད་སྟབས་བཙན་བྱོལ་ནང་སྲུང་སྐྱོབ་གནང་དགོས་གལ་གསལ་སྟོན་བྱས་པ་མ་ཟད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་མོའི་སྒྱུ་རྩལ་ནི་བོད་ཀྱི་ཐུན་མོང་མིན་པའི་སྒྱུ་རྩལ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་ཐེངས་མང་སྩལ་ཡོད། ལྷ་མོ་འཁྲབ་མཁན་ཚོ་ཡིན་ནའང་ས་གནས་ས་ཐོག་ནས་སྐུ་ལས་བསྐྱོན་ཏེ་ད་བར་མུ་མཐུད་གནས་ཡོད།
སྐབས་ ༡༤ བཀའ་ཤག་ངོས་ནས་ལྷ་མོའི་སྒྱུ་རྩལ་ཐོག་སྔར་ལྷག་ཡར་རྒྱས་གཏོང་ཆེད་སྔ་ནས་ལྷ་མོ་ཚོགས་པ་ཡོད་པ་རྣམས་ལ་མ་རྩ་ཧིན་སྒོར་འབུམ་གསུམ་རེ་དང་། ལྷ་མོ་ཚོགས་པ་གསར་འཛུགས་གནང་མཁན་ཡིན་ན་ཧིན་སྒོར་འབུལ་ལྔ་རེ། འཁྲབ་ཆས་གསར་ཉོ་སླད་འབུམ་རེ་མཐུན་རྐྱེན་སྐྲུན་རྒྱུའི་གོ་སྐབས་ཕུལ་བ་གཞིར་བཟུང་ཀོ་ལེ་གྷལ་དོན་ལྡན་གླིང་དང་། སྤོན་ཊ་ཆོལ་གསུམ། དེ་བཞིན་ཕྱིས་སུ་ས་གནས་ཁག་འགའ་ཤས་ནང་ལྷ་མོ་ཚོགས་པ་བཙུགས་ནས་ད་ལྟའི་འཆར་ལྷ་མོ་ཚོགས་པ་ཁག་ ༡༢ ཡོད་འདུག ཕྱི་ལོ་ ༡༩༩༣ ལོར་ལྷ་མོ་ཚོགས་པ་ ༤ ལས་མེད་ཀྱང་ད་ཆ་ ༡༢ ཡོད་པ་དེ་ལྡབ་གསུམ་མང་དུ་ཕྱིན་འདུག དེར་བརྟེན་ལྷ་མོ་འཁྲབ་གནང་མཁན་ཡོངས་ནས་སྐུ་ལས་བསྐྱོན་པ་དེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།
ཐེངས་འདིའི་ལྷ་མོ་འཁྲབ་སྟོན་ནང་ཆ་ཤས་ལེན་མཁན་གཞོན་སྐྱེས་གང་ཙམ་འདུག དངོས་གནས་ཧ་ཅང་ཡག་པོ་རེད་དྲན་གྱི་འདུག མི་ཐོག་རྒན་པས་སྐུ་ལས་བསྐྱོན་ཏེ་ང་ཚོའི་རྩ་ཆེ་བའི་རིག་གཞུང་སྲུང་སྐྱོབ་གནང་བ་དེ་མུ་མཐུད་མཇུག་སྐྱོང་ནས་གནས་དགོས་སྟབས། གཞོན་སྐྱེས་རྣམས་ནས་ཇི་ཙམ་ཐུགས་སྣང་གནང་བ་ཡིན་ན་ཐུགས་ཕན་གསོ་བ་ཡོང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་ང་ཚོར་ལྟ་བཞིན་ཡོད། རྡ་སར་ཞོ་སྟོན་འཁྲབ་སྟོན་གནང་བ་ཡིན་ན། རྒྱ་ནག་གཞུང་གི་བོད་ནང་ཞོ་སྟོན་འཁྲབ་བཅུག་གི་རེད། འདིར་སྨོན་ལམ་ཚོགས་པ་ཡིན་ན་བོད་ནང་ཚོགས་བཅུག་གི་རེད། གཞིས་ཆགས་ཁག་ནས་ཡིན་པའི་ལྷ་མོ་འཁྲབ་སྟོན་པ་རྣམས་ནས་སྐུ་ངལ་འཛེམས་མེད་ཐོག་སོ་སོའི་དུས་ཚོད་བློས་གཏོང་བྱས་ཏེ་བོད་རྩ་དོན་སླད་སྐུ་ལས་བསྐྱོན་པར་བཀའ་ཤག་ནས་ཐུགས་ཆེ་རྗེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་གཙོས་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཁག་ནས་ལྷ་གཞུང་སྙིང་བསྡུས་སྐར་མ་ ༣༠ རེ་གཟིགས་ཕུད་འབུལ་ལམ་ཞུས་ཡོད་པ་བཅས།།