ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་བཀའ་བློན་པདྨ་དབྱངས་ཅན་མཆོག་ལ་ཤེས་རིག་ལས་ཁུངས་ཀྱི་སྲི་ཞུ་ལས་བྱེད་རྣམས་ཀྱིས་དགའ་བསུའི་འཚམས་འདྲི་རྒྱ་ཆེ་ཞུས་པའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་གཙོས་སཾ་བྷོ་ཊ་དང་། རྡ་ས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན། འགན་འཛིན་ལས་རོགས། རྡ་ས་ཁུལ་གྱི་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། དགེ་ཆེ། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་དང་ལས་བྱེད་སོགས་ཚང་འཛོམས་ཐོག་བཀའ་བློན་མཆོག་ཤེས་རིག་ལས་ཁུངས་ཀྱི་ལས་ཁུར་བཞེས་པར་འཚམས་འདྲི་ཞུས་ཡོད།
དེ་ཡང་འདི་ག་གསར་འགོད་པས་ཤེས་རིག་བཀའ་བློན་མཆོག་ལ་ལས་འཆར་ག་རེ་ཐོག་ཤུགས་རྒྱག་གི་ཡིན་ནམ། ཞེས་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས་ལན་འདེབས་གནང་དོན། ངས་ལམ་སང་ཞུ་ཐུབ་ས་མ་རེད། རོབ་ཙམ་ཞིག་ཞུ་བ་ཡིན་ན། དང་པོ་འདི་བྱེད་རྒྱུ་ཡིན། གཉིས་པ་འདི་བྱེད་རྒྱུ་ཡིན། གསར་པ་འདི་བྱེད་རྒྱུ་ཡིན་ཞེས་ད་ལྟ་དམགས་བསལ་ཞུ་ཐུབ་ས་མ་རེད། ངའི་གོང་གི་བཀའ་བློན་ཟུར་པས་ལོ་ལྔའི་རིང་ལ་འཆར་གཞི་ཞིག་བཟོས་ཡོད་པ་རེད། དང་པོ་ངས་བཀའ་བློན་ཟུར་པས་ལོ་ལྔའི་ནང་འཆར་གཞི་ག་རེ་བཞག་ཡོད་པ་དེར་བལྟ་དགོས། བཀའ་བློན་ཟུར་པས་འཆར་གཞི་ག་རེ་བཞག་ཡོད་པ་དེ་ངས་མུ་མཐུད་མཇུག་སྐྱོང་བྱེད་དགོས་པ་རེད། བཀའ་བློན་ཟུར་པའི་དུས་ཡུན་ལྷག་མ་དེ་ངས་མཇུག་སྐྱོང་དགོས་པ་གལ་ཆེན་པོ་མཐོང་གི་འདུག ཅེས་གསུངས་། །