ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་མཇལ་འཕྲད་ཁང་དུ་སྐུ་ཞབས་གྷམ་ཞ་ཨུང་ Mr.Gum Sha Aung ལགས་ཀྱིས་སྣེ་འཁྲིད་པའི་མ་ཡན་མཱར་ Myanmar གྱི་བྱང་ཕྱོགས་ཀ་ཆེན་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་སྟེ་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་ཁུངས་ཁག་དང་ལྷན་ཁང་ཁག་གི་ཉིན་རེའི་ལས་དོན་གནང་ཕྱོགས་སྐོར། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད།
བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པར་བོད་ཀྱི་ཐུན་མིན་ཆོས་དང་ལེགས་བྱང་། སྐད་ཡིག་བཅས་ཀྱི་གལ་གནད་ཤེས་པའི་ཐོག་ནས་དེ་དག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཚུལ་དང་། དེ་བཞིན་བོད་ནང་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཆབ་སྲིད་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
ཐེངས་འདིར་མ་ཡན་མཱར་རྒྱལ་ཁབ་ཀྱི་བྱང་ཕྱོགས་ཀ་ཆེན་མངའ་སྡེའི་སྐུ་ཚབ་མི་སྣ་བཅུ་གཅིག་བཀའ་ཤག་གི་མཇལ་འཕྲད་ཁང་ནང་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཉིན་གཅིག་གོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་། བཞུགས་སྒར་རྡ་ས་ཁུལ་གྱི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། སློབ་གྲྭ་སོགས་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་བཅས། །