༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ཨ་རིའི་གྲོས་ཚོགས་འོག་མའི་ཤར་ཨེ་ཤི་ཡ་མངའ་ཁུལ་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་སྐུ་ཞབས་ཊེཌ་ཡོ་ཧོ་ Ted Yoho མཆོག་དང་མཇལ་འཕྲད་གནང་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་ཡོང་བའི་རེ་འདུན་ཞུས་པ་མ་ཟད། ཨ་རྒྱ་ཡུལ་གཉིས་དབར་འདྲ་མཉམ་ཐོག་གོ་སྐབས་བརྗེ་ལེན་གྱི་ཆ་རྐྱེན་དེ་དག་བོད་ནང་ལག་བསྟར་གཅིག་མཚུངས་དགོས་པ་དང་། ལྷག་པར་ཡུལ་གཉིས་འདྲ་མཉམ་ཐོག་གོ་སྐབས་བརྗེ་ལེན་བྱེད་སྐབས་བོད་ནང་དུའང་ཆ་རྐྱེན་དེའི་འོག་ Reciprocal Access to Tibet བོད་ཀྱི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུའི་མཐུན་རྐྱེན་སྐྲུན་དགོས་པའི་རེ་སྐུལ་ཞུས་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་དང་སྐུ་ཞབས་ཊེཌ་ཡོ་ཧོ་མཆོག་རྣམ་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་མ་ཟད། རྒྱ་ནག་གི་གནོན་ཤུགས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབ་བཞིན་ཡོད་པའི་བཀའ་མོལ་ཡང་བྱུང་འདུག
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ས་བབ་ཆབ་སྲིད་གནད་དོན་དང་། ལེགས་བྱང་། ཁོར་ཡུག་བཅས་ཀྱི་ཐོག་གནད་འགག་ཇི་ཙམ་ཆགས་མིན་ཐད་གལ་ཆེ་ཚུལ་ཇི་ཙམ་ཆགས་མིན་སྐོར་གསུངས།
སྐབས་དེར་སྐུ་ཞབས་ཊེཌ་ཡོ་ཧོ་མཆོག་གིས་བོད་ཀྱི་གནད་དོན་གསལ་ཆེད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བགྲོས་འོག་བོད་ཀྱི་གནས་བབ། Tibet in a Changing International Context ཅེས་པའི་བརྗོད་གཞིའི་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་རྒྱ་ནག་གི་གནོན་ཤུགས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབ་བཞིན་ཡོད་སྐོར་གསུངས། སྐབས་དེར་མཁས་དབང་སོགས་མཉམ་ཞུགས་གནང་སྟེ་སྒེར་གྱི་བསམ་ཚུལ་བརྗེ་ལེན་ཞུས་ཡོད་པ་བཅས། །