ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅།། བོད་འབངས་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ། རང་རེའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། ཕན་བདེ་མ་ལུས་པའི་འབྱུང་གནས་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་གནས་ལ་ཕྱོགས་བཅུར་རྒྱས་པ། བོད་མིའི་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་རང་དབང་བདེ་སྐྱིད་ཀྱི་དཔལ་ཡོན་ཐོབ་པ་སོགས། ལེགས་ཚོགས་ཇི་སྙེད་ཆེད་དུ་སྤྱི་མཐུན་བསོད་ནམས་གོང་མཐོར་སྤེལ་རྒྱུ་ཤིན་ཏུ་གལ་ཆེར་སོང་། ལོ་ལྟར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བླ་ལྷའི་བཀའ་ལུང་དགོངས་དོན་བསྟན་སྲིད་སྤྱིའི་ཞབས་རིམ་མང་རབ་ཅིག་ཁྱབ་ཁོངས་ཆོས་སྡེ་ཁག་དང་མི་མང་བརྒྱུད་སྨིན་སྒྲུབ་ཞུས་དང་ཞུ་མུས་མཁྱེན་གསལ་བཞིན། ད་ལོའི་ཚེས་བཅུ་གཟབ་གསོལ་སྐབས་གཞུང་བསྟེན་ཆོས་སྐྱོང་རྣམ་པའི་བཀའ་ལུང་དགོངས་དོན་སྐུ་ཕྱྭ་བསྟན་སྲིད་ཞབས་རིམ་དུ། ༸རྒྱལ་བའི་བཀའ་འགྱུར་དག་སྒྲོག་དང་། མདོ་སྡེ་སྐལ་བཟང་དགུང་གྲངས། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྲི་གནོན། མཧཱ་གུ་རུའི་འབུམ་ཚོགས་གང་མང་། ཇོ་ཤག་རྣམ་གསུམ་ལ་དམིགས་པའི་ཁྲུས་གསོལ་རབ་གནས་སོགས་དང་། འཕགས་ཡུལ་བྱང་ཤར་མཚམས་སུ་འབྱུང་བ་ས་ཡི་གནོད་པ་ཤར་ངོ་ཡོད་པའི་བཟློག་ཐབས་སུ། ཨོ་རྒྱན་འབྱུང་བཞིའི་གསོལ་འདེབས་དང་། སྲི་ཟློག་ཙཀྲཱ་བཅུ་གསུམ། ཤེས་རབ་སྙིང་པོའི་བཟློག་སྒྱུར་འགྲོ་གང་ཆེ་འབད་སྒྲུབ་དགོས་པ་བཅས་ཆོས་སྡེ་ཁག་ལ་མཆོད་བསྙེན་དང་སྦྲགས་སྒྲུབ་བསྐུལ་ཞུས་ཟིན་པ་བབ་ཞུ་དང་འབྲེལ། བཀའ་ལུང་ནང་གསལ་ལྟར། མཆོག་དམན་ཀུན་ནས་ཐུབ་པའི་གཟུངས་སྔགས་དུང་ཕྱུར་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའིི་གཟུངས་སྔགས་དུང་ཕྱུར། དམ་ཚིག་རྡོ་རྗེའི་བཟླས་པ། གུ་རུའི་ཐུགས་དམ་གནད་བསྐུལ་འགྲོ་གང་ཆེ་འབད་སྒྲུབ་དགོས་འདུག་པ་དེ་དག་ཐོག ཨོ་རྒྱན་འབྱུང་བ་བཞིིའི་གསོལ་འདེབས་གང་མང་སླ་ཆོས་སྒོ་ཁྲལ་ལྟ་བུར་མ་སོང་བར་ཐུགས་སྣང་ཆེར་བསྐྱེད་གནད་སྨིན་གསོག་འདོན་མཛད་དེ་སོ་སོའི་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་དོན་གཅོད་ལས་ཁང་བརྒྱུད་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༣ བོད་ཟླ་ ༤ ཚེས་ ༣༠ ནང་ཚུད་སྒྲུབ་ཐོ་འདི་ག་ཆོས་རིག་ལས་ཁུངས་སུ་གནང་སྐྱོང་ཡོང་བ་ཞུ་རྒྱུའི་འབོད་བསྐུལ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ལ་སྤེལ།། །།