༢༠༡༨ ཟླ་ ༤ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་རྒྱལ་སྤྱིའི་བསྟི་གནས་ཁང་དུ། བོད་ཀྱི་རིག་གཞུང་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོའི་ཐོག་ཕེབས་ནས་གསུང་བཤད་གནང་དོན། དེ་རིང་རིག་གཞུང་དུས་སྟོན་གྱི་མཚན་ཐོག་ནས་བོད་ཀྱི་ཆོས་དང་། རིག་གཞུང་། དེ་བཞིན་སྨན་དང་རྩིས། བཟོ་རིག སྒྱུ་རྩལ་གྱི་རིགས་མང་པོ་ཞིག་འགྲེམས་སྟོན་གྱི་ལམ་ནས་ངོ་སྤྲོད་གནང་ཡོད། འགྲེམས་སྟོན་དེར་མཉམ་ཞུགས་གནང་མཁན་བོད་ཀྱི་སྨན་རྩིས་ཁང་དང་། བོད་ཀྱི་ཟློས་གར་ཚོགས་པ། ནོར་གླིང་། ལྡི་ལི་བོད་ཁང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་སོགས་ལ་བཀའ་ཤག་སྐབས་བཅོ་ལྔ་པའི་ཚབ་ཞུས་ཏེ་སྙིང་ཁུང་རུས་པའི་གཏིང་ནས་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་དབུས་པའི་རང་ཅག་བོད་མི་རྣམས་རང་ཡུལ་གྱར་ནས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་ལ་ཉེ་བའི་སྐབས་འདིར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པ། དེ་བཞིན་དབུས་དང་ས་གནས་ཁག་ཏུ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད། ལོ་དྲུག་ཅུ་བརྩི་སྟངས་དེའང་ཐོག་མར་ང་ཚོས་ལོ་དྲུག་ཅུ་འཁོར་བ། ཞེས་ཕྱི་ལོ་ ༡༩༥༩ ཡིན་སྟབས་ལོ་དྲུག་ཅུ་དེ་ཕྱི་ལོ་ ༢༠༡༩ འཁེལ་བ་ལྟ་བུ་ཡོད།
འོན་ཀྱང་འཁོར་བའི་དུས་ཚིགས་བྱས། དེའི་རྗེས་སྲུང་བརྩི་ཞུ་རྒྱུ་དེ་ལོ་ཧྲིལ་པོར་སྲུང་བརྩི་ཞུ་སྐབས་འཁོར་ཟིན་པའི་ལོ་རྗེས་མ་དེར་སྲུང་བརྩི་བྱས་པ་ལྟ་བུ་ད་བར་འགྲོ་སྟངས་དེ་འདྲ་ཆགས་ཡོད། དེར་བརྟེན་འཁོར་ཟིན་རྗེས་སྲུང་བརྩི་ཞུས་པ་ཡིན་ན་ཏག་ཏག་མེད་པའི་བསམ་ཚུལ་བྱུང་། དེར་བརྟེན་ལོ་དྲུག་ཅུ་པ་དང་ལྔ་བཅུ་པ་ཟེར་བ་ལྟར་དྲུག་ཅུ་པ་འགོ་བཙུགས་པ་ནས་མཇུག་མ་རྫོགས་བར་སྲུང་བརྩི་ཞུ་ན་རན་པོ་འདུག་ཅེས་བསམ་ཚུལ་བྱུང་བ་རེད། ད་ལྟ་ལོ་ ༦༠ འཁོར་རྒྱུའི་ལོ་དེ་འགོ་འཛུགས་མ་ཐག་ཡིན་སྟབས་ལོ་ཧྲིལ་པོ་གཅིག་རིང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པ། དབུས་དང་ས་གནས་གང་ས་ཅི་ཐད་ནས་ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་ ༦༠ འཁོར་བའི་ལས་འགུལ་སྤེལ་བཞིན་ཡོད། དང་ཐོག་ལོ་ ༦༠ འཁོར་བའ་དྲན་གསོའམ་བསྐྱར་ཞིབ་ཞིག་གནང་དགོས་ཀྱི་ཡོད།
སྐབས་འདིར་རྒྱ་ཆེ་སར་བསམ་བློ་གཏོང་སྐབས་གཞིས་དང་བྱེས་གཉིས་ཡོད། གཞིས་ལ་བསམ་བློ་གཏོང་སྐབས་བར་ལམ་ཞིག་ནས་ཧ་ལས་པའི་སྡུག་སྦྱོང་མནར་གཅོད་དམྱལ་བ་མི་ཡུལ་དུ་མྱངས་པའི་གནས་སྟངས་ལྟ་བུ་བྱུང་ཡོད། འོན་ཀྱང་བར་སྐབས་ནས་འགྱུར་བ་བཟང་ངན་སྣ་ཚོགས་ཤིག་བྱུང་ཡོད། མདོར་ན་ད་ལྟའི་ཆར་ཡིན་ནའང་ལྟོ་གོས་དང་དེ་འདྲའི་ཐོག་ནས་གང་ཙམ་ཡག་ཏུ་ཕྱིན་པ་དང་། གཞི་རིམ་གྱི་རང་དབང་ཁག་གཅིག་སྔ་མོ་ལས་དྲག་ཏུ་ཕྱིན་པ་ལྟ་བུ་ཡོད་ཀྱང་། ད་ལྟའི་ཆར་ཡང་གཞིས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ཆོས་དད་དང་སྐད་ཡིག་རང་དབང་སོགས་མེད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་བསྡུར་བ་ཡིན་ན་ཧ་ཅང་ཚད་དམའ་པོ་དང་ཛ་དྲག་པོ་ཞིག་གི་འོག་ཏུ་གནས་ཡོད། དེར་བསྐྱར་ཞིབ་དང་སྦྲགས་དྲན་གསོའི་སླད་གང་བྱེད་དགོས་མིན་ཐད་དགོངས་པ་བཞེས་དགོས་ཀྱི་ཡོད། དེ་འདྲ་ཞིག་བྱུང་ན་དྲན་གསོ་དང་དུས་སྟོན་སྲུང་བརྩི་ཞུ་རྒྱུ་དེ་མིང་དོན་མཚུངས་པ་ཞིག་ཡོང་ཐུབ། བྱེས་ལ་མཚོན་ནའང་ཐོག་མར་ཕྱི་ལོ་ ༡༩༥༩ ནས་བཟུང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་། དགོངས་གཞི་དགོངས་པ། མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་འོག་བོད་མི་ཚང་མས་མཉམ་རུབ་ཐོག་ནས་གྲུབ་འབྲས་ཆེན་པོ་ཇི་ཙམ་ཐོན་པ་དེ་ཕྱོགས་གཅིག་ནས་དགའ་ཚོར་སྐྱེས་དགོས་པ་ཞིག་དང་། སོ་སོ་རང་ཉིད་ཀྱང་སྤོབས་པ་སྐྱེས་དགོས་པ་ཞིག་རེད།
ཕྱོགས་གཞན་ཞིག་ནས་ལྟ་སྐབས་ལོ་ ༦༠ ནང་འབྲས་བུ་དེ་འདྲ་ཞིག་ཐོན་དགོས་ངེས་ཡིན་ཡང་དེ་ཙམ་ཐོན་ཐུབ་མེད་པའི་འཐུས་ཤོར་གྱི་རྣམ་པའང་མང་པོ་ཞིག་ཡོད། དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་བཀའ་སློབ་ཡང་ནས་ཡང་དུ་ཕེབས་ཀྱི་ཡོད། ད་ཆ་ང་ཚོར་བྱ་རྒྱུ་གང་འདུག་ཅེས་དེའི་ཐོག་བསམ་བློ་གསར་པ་ཞིག་བཏང་ནས་སེམས་ཤུགས་གསར་པ་ཞིག་སྐྱེས་ནས་ཕྱིན་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།