༢༠༡༨ ཟླ་ ༤ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་བོད་ཀྱི་དུས་སྟོན་མཛད་སྒོའི་ཐོག་མཁས་པའི་བགྲོ་གླེང་སྐབས་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་རྒྱ་གར་སྒྱུ་རྩལ་རིག་གནས་སོགས་ལ་མཁས་པར་གྲགས་ཤིང་། ཝཱ་ཎ་དབུས་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་གཙོ་ཟུར་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་བརྩི་བཀུར་ཆེ་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་སྙིང་ཉེ་བའི་བོད་མིའི་གྲོགས་མོ་རྙིང་པ་ལྕམ་སྐུ་ཀ་པཱི་ལ་ཝཏསྱ་ཡན་ Dr Kapila Vatsyayan མཆོག་གིས་མཁས་པའི་གཏམ་བཤད་གནང་ཡོད།
སྐབས་དེར་སྡིངས་ཆའི་སྟེང་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག དེ་བཞིན་མཱ་དུ་རི་སན་ཏཱ་ནམ་སོན་དི་ Madhuri Santanam Sondhi མཆོག་བཅས་འཁོད་པ་མ་ཟད། ཚོགས་ཁང་ནང་དོན་གཉེར་བ་ཤེས་ལྡན་མི་སྣ་ ༣༠༠ བརྒལ་བའི་དབུས་ལྕམ་སྐུ་མཆོག་གིས་སེམས་ཚོར་ཆེན་པོས་དེ་སྔ་རྒྱ་གར་གཞུང་ཞབས་པའི་ཕྱག་ལས་གནང་སྐབས་ཀྱི་ཉམས་མྱོང་དང་། དེ་ནས་རིམ་བཞིན་ཝཱ་རཱ་ཎ་སིར་རྒྱ་གར་ལེགས་སྦྱར་གྱི་རིག་གཞུང་གཙོ་བོར་གྱུར་བའི་ཝཱ་ཎ་བོད་ཀྱི་མཐོ་སློབ་གསར་འཛུགས་ཀྱི་ལས་གཞི་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ལས་དོན་སྣ་མང་ཐོག་འགན་ཁུར་རྐང་བཞེས་གནང་བའི་བརྒྱུད་རིམ་རྣམས་རོབ་ཙམ་ངོ་སྤྲོད་དང་སྦྲགས།
སཱར་ནཱཐ་དུ་མ་ཕེབས་གོང་ལྕམ་སྐུ་མཆོག་རྒྱ་གར་གཞུང་གི་སྲི་ཞུའི་ལས་བྱེད་ཡིན་སྟབས་ལས་དོན་དང་འབྲེལ་ནས་ཕྱི་རྒྱལ་ཡུལ་གྲུ་གང་སར་གཞུང་འབྲེལ་ཕྱོགས་བསྐྱོད་ཡང་ཡང་གནང་དགོས་པར་བརྟེན་ཕྱག་སྦྲེལ་སྲི་ཞུའི་ལས་བྱེད་ཁག་གཅིག་གི་བློ་ངོར་མ་ཤོང་བར་ཕྲག་དོག་གིས་རྒྱུས་རླམས་ནས་མཐར་ལྕམ་སྐུ་མཆོག་སཱར་ནཱཐ་Sarnath རུ་གནས་སྤོས་བཏང་སྟེ་ལེགས་སྦྱར་གཙོ་བོར་གྱུར་བའི་རྒྱ་གར་སྲོལ་རྒྱུན་རིག་གནས་སྤྱི་དང་བོད་ཀྱི་རིག་གནས་སླར་གསོའི་ལས་གཞིའི་འགན་ཕུལ། འོན་ཀྱང་བྱེད་བབ་དེས་ཟུར་གནས་བློ་ལྡན་མང་པོ་ཞིག་ཡིད་མ་རངས་པར་གྱུར། དེ་ནི་ལས་འགན་གསར་པ་དེ་ལྕམ་སྐུ་མཆོག་གི་ཤེས་འཇོན་གང་ཐད་ནས་བལྟས་ཀྱང་གནས་ཚད་དམའ་ཞིང་མི་མཚམས་པ་ཞིག་ཡིན་པའི་བསམ་ཚུལ་ཡང་བྱུང་ཡོད་ནའང་གནད་དོན་དེའི་སྐོར་སྐབས་དེར་རང་གི་ཕྱག་སྦྲེལ་ཟམ་གདོང་རིན་པོ་ཆེ་མཆོག་ཐུགས་ཕམ་ཡོང་དོགས་ལ་བརྟེན་རྩ་བ་ནས་མ་གསུང་པར་གསང་རྒྱ་གནང་ཡོད་སྐོར་གསུངས།
དེ་རྗེས་རིམ་བཞིན་ལྕམ་སྐུ་མཆོག་ལས་དོན་དང་འབྲེལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་བའི་བརྒྱུད་རིམ་སྐོར་གསུང་སྐབས་མིག་ཟུང་མཆིལ་མས་བརླན་ཞིང་དད་གུད་ཆེན་པོས་མགོན་པོ་མཆོག་གི་མཛད་བཟང་དྲན་གསོ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་གང་ཟག་མཐའ་མལ་པ་ཞིག་རྩ་བ་ནས་མིན་པར་༸སྐུའི་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་ནས་རྒྱ་གར་ཡུལ་གྱི་གནའ་རབས་སྲོལ་རྒྱུན་གྱི་ལེགས་བཤད་དེ་དག་འཛམ་གླིང་ཤར་ནུབ་གང་སར་དར་སྤེལ་མཛད་པར་བརྟེན་མགོན་པོ་མཆོག་ནི་དོན་དམ་རྒྱ་གར་གྱི་བུ་ཞིག་རེད། ཅེས་ཞུ་ཆོག་པ་དང་། རྒྱ་གར་གཞུང་གིས་༸གོང་ས་མཆོག་དང་བོད་མི་ཚོར་ས་ཆ་སྦར་མཐིལ་ཙམ་ཕུལ་ཡོད་ཀྱང་དེའི་དྲིན་ལན་དུ་༸གོང་ས་མཆོག་གིས་རྒྱ་གར་ལ་ཕུལ་བྱུང་གི་ལེགས་སྐྱེས་སུ་དེ་སྔ་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་བར་ལམ་ཉམས་ཆག་བྱུང་བ་རྣམས་བསྐྱར་གསོ་མཛད་པ་མ་ཟད། བྱམས་བརྩེའི་མཛད་བཟང་གིས་རྒྱ་གར་འཕགས་ཡུལ་གྱི་སྐྱེ་བོ་མཆོག་དམན་ཀུན་ལ་ཁྱབ་པར་མཛད་ཡོད།
དེར་བརྟེན་བོད་ཀྱི་དུས་སྟོན་གོ་སྐབས་བཟུང་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་རྣམས་ལ་རྒྱ་གར་བ་ཚོས་ཕར་ཐུགས་རྗེ་ཆེ་ཞུ་དགོས་ཀྱང་དེ་ལས་ལྡོག་སྟེ་ཚུར་ཐུགས་རྗེ་ཆེ་ཞུ་བཞིན་པ་འདི་ནི་བློ་ཕམ་དགོས་པའི་གནས་སྟངས་ཤིག་ཡིན་སྐོར་གསུངས། མཐར་ལྕམ་སྐུ་མཆོག་གིས་གོ་སྐབས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཚུལ་གསུངས། །