༢༠༡༨ ཟླ་ ༤ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཐེངས་འདིར་ཁེ་ན་ཌ་དང་ཨ་རིའི་གྲོང་ཁྱེར་ཁག་གཅིག་ནང་སྐོར་བསྐྱོད་པར་རིས་འགྲེམས་སྟོན་གྱི་ལས་གཞི་སྤེལ་འགོ་འཛུགས་འདུག
དེ་ཡང་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་དང་བསྟན་འཛིན་རབ་འབྱམས་ལགས་རྣམ་གཉིས་ཀྱིས་ཕྱི་ཚེས་ ༢༡ ཉིན་ཁེ་ན་ཌའི་ Canada གྲོང་ཁྱེར་ཊོ་རོན་ཊོའི་ Toronto ནང་སྐོར་བསྐྱོད་འགྲེམས་སྟོན་ལས་གཞི་འགོ་འཛུགས་གནང་བ་དང་།
ལས་རིམ་ལྟར་ན་ཕྱི་ཟླ་ ༤ དང་ ༥ བཅས་ཟླ་བ་གཉིས་ཙམ་རིང་སྐོར་བསྐྱོད་འགྲེམས་སྟོན་གནང་གཏན་འཁེལ་ཡོད་འདུག དེ་ཡང་ཨ་རིའི་གྲོང་ཁྱེར་མིན་ཡ་ན་པོ་ལི་སི་ Minneapolis དང་ནིའུ་ཡོག མེ་ཌི་སོན། Madison ཀོན་ནེ་ཊི་ཀ་ཊི། Connecticut སི་ཡ་ཊེལ། Seattle པོཌ་ལེན་ཌི། Portland སན་ཕ་རན་སི་སི་ཀོ་ San Francisco བཅས་ཨ་རིའི་གྲོང་ཁྱེར་ ༨ ནང་སྤེལ་རྒྱུ་ཡིན་འདུག སྐོར་བསྐྱོད་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཨ་རི་སྐུ་ཚབ་དོན་ཁང་ཡིན་ཞིང་། ཨ་རི་སྐུ་ཚབ་དོན་ཁང་གི་གཙོ་འགན་བཞེས་ཐོག་ཁེ་ན་ཌ་བོད་རིགས་མཐུན་ཚོགས་དང་། འབྲེལ་ཡོད་གྲོང་ཁྱེར་སོ་སོའི་ནང་ཕེབས་སྐབས་ས་གནས་བོད་རིགས་ཚོགས་པ་སོ་སོས་གོ་སྒྲིག་མཐུན་འགྱུར་གནང་རྒྱུ་ཡིན་འདུག འགྲེམས་སྟོན་སྐོར་བསྐྱོད་ལས་གཞི་དེ་མཐར་ཕྱི་ཟླ་ ༥ ནང་ཁེ་ལི་ཕོར་ནི་ཡ་ Californiaམངའ་སྡེའི་སན་ཕ་རན་སི་སི་ཁོ་བྷེ་ས་ཁུལ་ San Francisco Bay Area ནང་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག
སྤྱིར་ཐེངས་འདིར་བོད་མི་དང་ཕྱི་རྒྱལ་མི་རིགས་རྣམས་ལ་བོད་དོན་སྐོར་གྱི་གནས་ཚུལ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་རྣམས། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འོག་བོད་མི་རྣམས་དཀའ་སྡུག་ཇི་ཙམ་མྱོང་བཞིན་པ་སོགས་ཀྱི་གནས་ཚུལ་གོ་རྟོགས་རྒྱ་ཆེ་སྤེལ་འཆར་ཡོད་འདུག ཕྱོགས་མཚུངས་རྡ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པ་གསར་རྒྱག་ལས་གཞིའི་ཆེད་དཔལ་འབྱོར་འདུ་འགོད་གང་ཐུབ་གནང་རྒྱུ་ཡིན་འདུག འགྲེམས་སྟོན་སྐབས་པར་རིས་ཙམ་མིན་པར་བོད་དོན་དངོས་བྱུང་གློག་བརྙན་ཁག་གཅིག་ཀྱངསྟོན་རྒྱུ་ཡིན་འདུག
འགྲེམས་སྟོན་ཁང་གསར་པ་དེ་ཉིད་རྒྱ་ཁྱོན་ཆ་ནས་ཕི་ཌི་གྲུ་བཞི་མ་ ༩༠༠༠ ཡོད་པ་དང་། ཆགས་ཡུལ་ནི་གངས་སྐྱིད་ལས་ཁུངས་གསར་པའི་ཐོག་རྩེག་གཉིས་པའི་སྟེང་ཡོད་པ་དང་། འདི་ལོའི་ལོ་མཇུག་ཏུ་འགྲེམས་སྟོན་གསར་པ་དེ་དབུ་འབྱེད་གནང་རྒྱུ་ཡིན་འདུག་པ་བཅས། །