༢༠༡༨ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༩ བཞེས་པའི་ཉིན་མོ་དང་བསྟུན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་ Heather Nauert ལགས་ཀྱིས་ཕྱི་ཚེས་ ༢༦ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཕྱི་ཟླ་ ༤ ཚེས་ ༢༥ ཉིན་འདིར་ང་ཚོས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་གྱི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། ལོ་ངོ་ཉི་ཤུའི་གོང་སྟེ་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་ ༦ ལ་སོན་སྐབས་རྒྱ་ནག་གཞུང་གིས་ཁོང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མི་འཚལ་བའི་གནས་སྟངས་འོག་གནས་མུས་ཡིན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གྱིས་གཙོས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་གྲྭ་ཚང་དང་བསྟི་གནས་ཁང་སོགས་གཏོར་བཤིག་བཏང་བ་དང་། བོད་མི་རྣམས་ལ་ཆོས་དད་དང་སྐད་ཡིག རིག་གཞུང་སོགས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུའི་རང་དབང་ཐོག་མུ་མཐུད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དེར་ཨ་རིའི་གཞུང་ལ་སེམས་འཚབ་ཧ་ཅང་ཡོད།
ཐེངས་འདིར་ང་ཚོས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་མར་གློད་བཀྲོལ་བཏང་སྟེ་འགྲོ་བ་མི་རིགས་ཀུན་ལ་ཁྱབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། བོད་མི་དང་འཛམ་གླིང་ཁྱོན་ཡོངས་ལ་ཡོད་པའི་ནང་ཆོས་རྗེས་འབྲང་པ་རྣམས་ཀྱིས་འདས་པའི་ལོ་ངོ་ ༢༣ རིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་འོག་ལོ་ལྟར་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོར་ཁོང་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་མུས་ཡིན། དེར་བརྟེན་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་ཁོང་མགྱོགས་མྱུར་གློད་བཀྲོལ་ཡོང་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་གློད་བཀྲོལ་མ་བྱུང་བར་ང་ཚོས་མུ་མཐུད་ལས་འགུལ་སྤེལ་རྒྱུར་ཆོད་སེམས་བརྟན་པོ་རྒྱུན་སྐྱོང་བྱེད་རྒྱུ་ཡིན། ཞེས་འཁོད་འདུག་པ་བཅས། །